༢༠༡༥ ཟླ་ ༥ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །འདི་གར་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཡིག་ཚང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༥༦ ཙམ་གྱི་ཐོག་བལ་ཡུལ་དུ་ཤུགས་ཚད་རིམ་པ་ ༧༌༩ ཅན་དང་དེ་རྗེས་ས་འགུལ་ཆུང་ཚག་རིགས་བསྟུད་མར་བྱུང་བ་དང་། ཡང་སྤྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༢ ཉིན་གྱི་ཚོུད་ ༡༢།༤༥ ཙམ་གྱི་ཐོག་བསྐྱར་དུ་བལ་ཡུལ་དུ་ཤུགས་ཚད་རིམ་པ་ ༧་༣ གྱི་ས་ཡོམ་བརྒྱབ་པ་སོགས་འབྱུང་བའི་འཇིགས་པའི་གནོད་འཚེའི་འོག་མི་གྲངས་སྟོང་ཕྲག་མང་པོ་དུས་མིན་གྱི་ཚེ་སྲོག་ཤོར་བ་དང་། དེ་བཞིན་མི་གྲངས་འབུམ་ཕྲག་བརྒལ་བར་རྨས་སྐྱོན་ཕོག་སྟེ་སྡོད་ཁང་གྲངས་ལས་འདས་པ་ཞིག་རལ་དང་རྩ་བརླག་ཏུ་བཏང་ཡོད། ལྷག་པར་མི་འབོར་གྲངས་ལས་འདས་པ་ཞིག་ཡ་ང་བའི་འབྱུང་བའི་གོད་ཆག་གི་འཇིགས་སྐྲག་འོག་ཟས་གོས་གནས་མལ་དང་སྨན་བཅོས་སོགས་བསམ་ཡུལ་ལས་འདས་པའི་ཛ་དྲག་གི་དཀའ་ངལ་གནས་སུ་གྱར་ནས་ཧ་ཅང་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་གཙོ་བོ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕེབས་པའི་བཀའ་སློབ་ལམ་སྟོན་དང་། དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་ནས་ཕེབས་པའི་བཀོད་ཁྱབ།
ལྷག་པར་འདས་པའི་མི་ལོ་ ༥༦ ཙམ་རིང་བལ་ཡུལ་གཞུང་དང་མི་མང་ནས་བཀའ་དྲིན་ཆེན་པོས་བལ་ཡུལ་གྱི་ས་གནས་འདྲ་མིན་ནང་བོད་མི་དུ་མ་ཞིག་སྐྱབས་བཅོལ་དུ་གནས་བཞིན་ཡོད་པའི་བཀའ་དྲིན་བསམ་བཤེས་དང་། ད་ལྟའི་ཤིན་ཏུ་ཛ་དྲག་དང་ཡ་ང་བའི་དུས་འདིར་བལ་ཡུལ་སྤོག་ར་ས་ཁུལ་དུ་ཡོད་པའི་གློ་སྒྲིག་འཛུགས་ཀྱི་ཚོགས་པ་འདི་བཞིན་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ལྟར་གཞུང་འབྲེལ་མིན་པའི་ཚོགས་པའི་ངོ་བོར་དེབ་བསྐྱེལ་ཡོད་པ་དེའི་འགན་འཁུར་གྱིས་གོ་སྒྲིག་འོག་ས་ཡོམ་མྱུར་སྐྱོབས་ངལ་སེལ་རོགས་སྐྱོབས་ཀྱི་ལས་འགུལ་འགོ་བཙུགས་སྐབས་གློ་སྒྲིག་ཁྱབ་ཁོངས་བྱམས་པ་གླིང་དང་། དཔལ་འབྱོར་གླིང་། བཀྲ་ཤིས་སྒང་བཅས་གཞིས་ཆགས་སུ་ཡོད་པའི་བོད་མི་རྣམས་དང་། གཞན་ཡང་འདི་གའི་ལས་ཁང་དང་འབྲེལ་ཡོད་མི་སྣ་ཁག་བཅས་ནས་དུས་ཡུན་ཐུང་ངུ་ཞིག་གི་ནང་དངུལ་དང་ཟས་གོས་སོགས་ཀྱི་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་གནང་བ་བཅས་ཀྱི་དྭང་བླངས་ཀྱི་རྒྱབ་བསྐྱོར་ལ་བརྟེན་ད་བར་གཤམ་འཁོད་ལྟར་ལས་འགུལ་རིམ་པ་ཁག་སྤེལ་དང་སྤེལ་བཞིན་ཡོད། སླད་མར་མུ་མཐུད་གང་ཐུབ་ངལ་སེལ་རོགས་སྐྱོབས་ཀྱི་ལས་འགུལ་གང་མང་སྤེལ་འཆར་ཡོད། ལྷག་པར་ལས་འགུལ་སྤེལ་སྐབས་ས་གནས་རྫོང་དཔོན་ལས་ཁང་དང་གཞན་ཡང་འབྲེལ་ཡོད་བལ་གཞུང་ལས་བྱེད་རྣམས་ནས་ཛ་དྲག་གི་དཀའ་ངལ་སྐབས་ལྷག་བསམ་རྣམ་དག་གིས་ངལ་སེལ་རོགས་སྐྱོར་གནང་བ་ལ་བསྔགས་བརྗོད་དང་དགའ་འོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།
དེ་ཡང་ཐོག་མ་ས་ཡོམ་གྱིས་གནོད་སྐྱོན་ཚབས་ཆེན་ཕོག་པའི་ས་འགུལ་ལྟེ་གནས་ཉེ་འགྲམ་གྱི་ས་ཁུལ་ Gorkha District གོར་ཁ་རྫོང་ཁོངས་ཀྱི་ Chapa Gaon སྤོག་ར་ནས་ས་ཐག་ཀི་ལོ་མེ་ཌར་བརྒྱ་དང་སུམ་ཅུ་ཙམ་ཁུལ་དུ་ཟླ་ ༥ ཚེས་ ༡ ཉིན་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་དང་འགན་ལྷན་ཚོགས་མི། དེ་བཞིན་རྒྱུན་ལས་བཅས་ཆེད་བསྐྱོད་ཀྱིས་ཧ་ཅང་དཀའ་ངལ་ཆེ་བའི་ཁྱིམ་ཚང་བརྒྱ་ལྷག་ཞིག་ལ་འབྲས། རྡ་ལི། ཚ། བྱེ་མ་ཀ་ར། ཇ། སྦི་སི་ཀུཌ། ཐུག་པ་སྐམ་པོ། ཅིབ་ར། གཟན་ཡོལ། མལ་གཟན། གཞན་ཡང་གྱོན་ཆས་སོགས་ཀྱི་མཐུན་འགྱུར་ཐད་ཀར་མི་རེ་ངོ་རེ་བཞིན་སྤྲད་དེ་རོགས་རམ་བྱས་ཡོད། སྐབས་དེར་ས་ཁུལ་དེའི་ཁྱིམ་ཚང་རྣམས་ལ་ངལ་སེལ་རོགས་བསྐྱོར་ཐོབ་མེད་པ་མ་ཟད། ཛ་དྲག་གི་གནས་སུ་ཡོད་པར་སོང་ཡུལ་དེའི་འབྲེལ་ཡོད་ལས་བྱེད་དང་ས་གནས་མི་མང་ནས་དམིགས་བསལ་གྱི་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུས།
དེ་རྗེས་འབྲེལ་ལམ་བྱུང་དོན་བཞིན་ Gorkha District གོར་ཁ་རྫོང་ཁོངས་ཀྱི་ Auro Pokhari སྤོག་ར་ནས་ས་ཐག་ཀི་ལོ་མེ་ཌར་བརྒྱ་དང་དྲུག་བཅུ་ཙམ་ཁུལ་དུ་སྐབས་དེར་ཟས་གོས་སོགས་ཀྱི་རོགས་བསྐྱོར་མ་རག་པར་དཀའ་ངལ་ངང་ས་སྟོང་དུ་གནས་ཡོད་པར་དེར་ཟླ་ ༥ ཚེས་ ༤ ཉིན་གློ་སྒྲིག་བདེ་དོན་ཚོགས་པའི་འགན་ལྷན་ཚོགས་མི། དེ་བཞིན་རྒྱུན་ལས་བཅས་ཆེད་བསྐྱོད་ཀྱི་ཤིན་ཏུ་ཛ་དྲག་ཆེ་བའི་ཁྱིམ་ཚང་བརྒྱ་ལྷག་ཙམ་ལ་འབྲས། རྡ་ལི། ཚ། སྦི་སི་ཀུཌ། ཐུག་པ་སྐམ་པོ། ཅིབ་ར། གཟན་ཡོལ། གཞན་ཡང་གྱོན་ཆས་སོགས་ཀྱི་མཐུན་འགྱུར་ཐད་ཀར་མི་རེ་ངོ་རེ་བཞིན་སྤྲད་དེ་རོགས་རམ་བྱས་ཡོད་པར་ཡུལ་མི་རྣམས་ནས་དགའ་ཚོར་གྱི་ཐུགས་རྗེ་ཆེ་ཞུས།
དེ་བཞིན་ཟླ་ ༥ ཚེས་ ༥ ཉིན་འདི་ལས་ནས་གོ་སྒྲིག་འོག་གློ་སྒྲིག་དཔལ་འབྱོར་གླིང་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་ཚོགས་ཁང་ནང་སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཤངས་དགའ་ལྡན་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་རྣམ་པ། སྤོག་རའི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་རྣམ་པ། གཞིས་མི། དེ་བཞིན་ཧི་མ་ལ་ཡ་དང་ས་གནས་ཡུལ་མི་བཅས་ཁྱོན་མི་འབོར་ཆིག་སྟོང་ལྷག་ཙམ་འདུ་འཛོམས་ཐོག་འདས་གྲོངས་སོང་བ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་དང་མར་མེ་སྟོང་མཆོད་བཅས་ཀྱི་ཞབས་རིམ་སྨིན་སྒྲུབ་ཞུས། སྐབས་དེར་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བཀའ་དྲིན་སྩལ་ཡོད། དེ་ཉིན་སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་ལ་དད་ལྡན་མང་ཚོགས་ནས་ཕུལ་བའི་དངུལ་རྣམས་ས་ཡོམ་མྱུར་སྐྱོབ་ངལ་སེལ་རོགས་སྐྱོབ་ཀྱི་ལས་འགུལ་ཆེད་ཞལ་འདེབས་སྨིན་སྩལ་བྱུང་ཡོད།
ཕྱི་ཟླ་ ༥ ཚེས་ ᨆ ཉིན་བལ་བོད་གཉིས་ཀྱི་ས་མཚམས་ཉེ་འགྲམ་ནུབ་རི་ཞེས་པའི་ས་ཁུལ་དུ་བོད་རིགས་དང་ས་གནས་མི་རིགས་འདྲེས་མའི་སློབ་ཕྲུག་གྲངས་དགུ་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་བར་བལ་ཡུལ་དམག་མིས་སྤོག་ར་བར་ཐད་འཕུར་གནམ་གྲུའི་ནང་རོགས་སྐྱོབ་བྱས་ཏེ་སྤོག་རར་བསྐྱལ་ཡོད་ཀྱང་། སློབ་ཕྲུག་རྣམས་སྤོག་ར་ནས་གོར་ཁའི་ཉེ་འགྲམ་དུ་ཡོད་པའི་སློབ་གྲྭར་འགྲོ་ཆེད་དངུལ་མེད་པའི་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པ་གནས་ཚུལ་ཐོས་མ་ཐག འདི་གའི་ཚོགས་པའི་ཚོགས་གཙོ་དང་འགན་ལྷན་ཚོགས་མི། དེ་བཞིན་རྩིས་དྲུང་བཅས་སློབ་ཕྲུག་ཡོད་པའི་ས་ཕྱོགས་སུ་ཕྱིན་ཏེ་གནས་ཚུལ་ཞིབ་ཕྲ་ལེན་རྗེས། དངོས་ཡོད་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པའི་སློབ་ཕྲུག་དགུ་ལ་ལམ་གྲོན་དང་ལམ་དུ་ཞལ་ལག་བཅས་ཀྱི་འགྲོ་གྲོན་ཆེད་དངུལ་འདང་ངེས་ཞིག་སྤྲད་དེ་སློབ་གྲྭར་དུས་ཐོག་ཏུ་སླེབ་ཐུབ་པ་བྱུང་ཡོད།
དེ་ནས་ཟླ་ ༥ ཚེས་ ༡༡ ཉིན་ Nuwakot District ནུ་ཝ་ཀོཏ་རྫོང་སུ་ཡོད་པའི་ Khani Gaon དང་ Raluka Village སྤོག་ར་ནས་ས་ཐག་ཀི་ལོ་མེ་ཌར་ ༢༦༠ ཙམ་གྱི་ས་ཐག་ཁུལ་དུ་གྲོང་ཚོ་གཉིས་སུ་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་དང་འགན་ལྷན་ཚོགས་མི། དེ་བཞིན་རྒྱུན་ལས་བཅས་ཆེད་བསྐྱོད་ཀྱིས་ཁྱིམ་ཚང་བརྒྱ་དང་ཉི་ཤུ་ལ་འབྲས། རྡ་ལི། ཚ། བྱེ་མ་ཀ་ར། ཇ། གཟན་ཡོལ། ལམ་གཟན། གུར། གཞན་ཡང་གྱོན་ཆས་སོགས་ཀྱི་མཐུན་འགྱུར་རོགས་རམ་བྱས་ཡོད། ནུ་ཝ་ཀོཌ་ཞེས་པའི་རྫོང་ཁུལ་དུ་ད་བར་མི་གྲངས་ཆིག་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་སྟོང་ཕྲག་མང་པོ་ཞིག་སྡོད་ཁང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བརྟེན། དམིགས་བསལ་གྱི་ཟས་གོས་དང་གུར་གྲངས་བརྒྱ་རིན་གོང་ཆེ་ཙམ་སོང་བ་དེ་དག་མཁོ་སྒྲུབ་བྱས་ནས་སྡོད་ཁང་མེད་པའི་ཁྱིམ་ཚང་རྣམས་ལ་སྤྲད་དེ་དམིགས་བསལ་གྱི་ཕན་ཐོག་བྱུང་བ་ཡོད་པ་ས་གནས་ཡུལ་མི་རྣམས་ནས་ཐུགས་རྗེ་ཆེ་ཞུས།
དེ་བཞིན་ཟླ་ ༥ ཚེས་ ༡༤ ཉིན་བལ་ཡུལ་གཞུང་གི་སྲིད་བློན་ས་ཡོམ་ངལ་སེལ་ཐེབས་རྩར་འདི་གའི་གློ་སྒྲིག་བདེ་དོན་ཚོགས་པའི་མིང་ཐོག་ནས་བལ་སྒོར། ༢༠༠༠༠།༠༠ དངུལ་ཁང་བརྒྱུད་ཞལ་འདེབས་མཐུན་འགྱུར་དང་འབྲེལ་ཡོད་ས་གནས་རྫོང་དཔོན་ལས་ཁང་དུ་སྙན་སེང་ཞུས་ཡོད།
འབྲེལ་ལམ་བྱུང་དོན་བཞིན་ཟླ་ ༥ ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༥ ཙམ་ལ་ལས་ཁང་ནས་ཐོན་ཏེ་ Dhading District རྡ་ཏིང་་རྫོང་སུ་ཡོད་པའི་ Dola Gaon and Kumphur Gaon སྤོག་ར་ནས་ས་ཐག་ཀི་ལོ་མེ་ཀྲར་ཉི་བརྒྱ་ལྷག་ཡོད་པའི་ས་ཁུལ་དེར་སྡོད་གུར་དང་མལ་གདན་དེ་བཞིན་ཉལ་གུར་བཅས་ཤིན་ཏུ་དགོས་མཁོ་ཆེ་བའི་རེ་བསྐུལ་ཞུས་དོན་བཞིན། འདི་ནས་གུར་གྲངས་ ༡༠༠ གདན་གྲངས་ ༡༠༠ ཉལ་གུར་གྲངས་ ༡༠༠ གྱོན་ཆས་བཅས་མཁོ་སྒྲུབ་བྱས་ཏེ་གློ་སྒྲིག་བདེ་དོན་ཚོགས་པའི་འགན་ལྷན་ཚོགས་མི་དང་རྒྱུན་ལས་བཅས་ས་གནས་སུ་བསྐྱོད་དེ་ཁྱིམ་ཚང་བརྒྱ་བསྐོར་ལ་དམིགས་བསལ་གྱི་ཕན་ཐོག་ཆེན་པོ་བྱུང་བ་དང་། སྐབས་དེར་ས་གནས་དེ་གའི་ཡུལ་མི་རྣམས་ནས་ཁ་ཡོད་ལག་ཡོད་ཀྱིས་ས་ཐག་རིང་པོ་ནས་འཁོར་ལམ་ཡག་པོ་མེད་པའི་ས་ཁུལ་དུ་སླེབས་ནས་རོགས་བསྐྱོར་གནང་བ་ལ་དགའ་ཚོར་ཆེན་པོའི་ངང་དགའ་བསུའི་ཐལ་སྒྲ་སྒྲོག་ཏེ་ཐུགས་རྗེ་ཆེ་ཞུས།
དེ་བཞིན་འབྲེལ་ལམ་བྱུང་དོན་བཞིན་ Dhading District རྡ་ཏིང་རྫོང་སུ་ཡོད་པའི་ Rijal Thok སྤོག་ར་ནས་ས་ཐག་ཀི་ལོ་མེ་ཀྲར་ཉི་བརྒྱ་ལྷག་ཡོད་པའི་ས་ཁུལ་དེར་ཟས་གོས་མེད་པའི་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པའི་རེས་བསྐུལ་ཞུས་དོན་བཞིན། ཟླ་ ༥ ཚེས་ ༢༠ ཉིན་འདི་ནས་ཁྱིམ་ཚང་དགུ་བཅུ་གོ་དྲུག་ལ་འབྲས། རྡ་ལི། ཚ། བྱེ་མ་ཀ་ར། ཇ། ཐུག་པ། ཅིབ་ར། ཟ་སྣུམ། ཡི་རྩེ། གཞན་ཡང་གྱོན་ཆས་སོགས་ཀྱི་མཐུན་འགྱུར་རོགས་རམ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་འབྲེལ་སྤོག་རར་ཡོད་པའི་ཀས་ཀིའི་རྫོང་དཔོན་ལས་ཁང་ནས་ས་ཁུལ་དུ་བསྐྱོད་ཆོག་པའི་བཀའ་འཁྲོལ་ཞུས་ཡོད།
གོང་གསལ་ས་ཡོམ་ངལ་སེལ་རོགས་སྐྱོབ་ཀྱི་ལས་འགུལ་རྣམས་བལ་ཡུལ་སྤོག་ར་ས་གནས་སུ་ཡོད་པའི་ཀས་ཀི་རྫོང་དཔོན་ལས་ཁང་གི་རྫོང་དཔོན་དང་ཐད་ཀར་གོ་བསྡུར་དང་ལམ་སྟོན་ཇི་གནང་ལྟར་ཁྲིམས་མཐུན་ཆོག་ཆན་ཞུས་ཏེ་མྱུར་སྐྱོབས་ངལ་སེལ་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པ་བཅས།།