༢༠༡༥ ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་བློ་བཟང་སངྒེ་མཆོག་གིས་གསུང་བཤད་གནང་དོན། །དེ་རིང་བློ་ཕམ་པའི་གནས་ཚུལ་ཞིག་ལ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གཉིས་ཀ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བརྒྱུད་ལམ་ཁག་ནང་ཐོན་འདུག དེར་བརྟེན་ཚང་མས་ཐུགས་སྨོན་ཡག་པོ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་ཁམས་དཀར་མཛེས་ཁུལ་རྟའུ་ནས་ཡིན་པ་རང་ལོ་ སུམ་བཅུའི་ནང་ཡིན་པའི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་བཟའ་མི་གཉིས་ལ་སྟོབས་ལྡན་དང་། ཐུབ་བསྟན། ཚེ་རིང་མཚོ་མོ། ཚེ་དབང་རྒྱ་མཚོ་བཅས་བུ་ཕྲུག་བཞི་ཡོད་འདུག
དེ་བཞིན་དེ་རིང་སྔ་དྲོ་བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་རང་ལོ་ ༣༦ སོན་པའི་བོད་རིགས་བུད་མེད་སངས་རྒྱས་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད་འདུག གནས་ཚུལ་ཐོན་པ་ལྟར་ན་ཁོང་གི་བཟའ་ཟླའི་མིང་ལ་རྟ་མགྲིན་དབང་རྒྱལ་ཡིན་པ་དང་ཁོང་བཟའ་མི་གཉིས་ལ་བུ་ཕྲུག་གཉིས་ཡོད་འདུག སྤྱི་ཡོངས་ནས་ད་བར་རང་ལུས་མེར་སྲེག་གཏོང་མཁན་ ༡༤༠ བྱུང་ཡོད། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ད་བར་རང་ལུས་མེར་སྲེག་གཏོང་མཁན་གྱི་མཚམས་ཁྱོན་ནས་ཆད་མེད། རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ཕྱོགས་སུ་ཡོད་པའི་ཏཱ་ལའི་རུ་ཚོགས་གྱིས་རང་ལུས་མེར་སྲེག་གཏོང་རྒྱུའི་བརྒྱུད་སྐུལ་བྱེད་ཀྱི་ཡོད་སྐོར་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ནི་ལོ་སུམ་ཅུ་སོ་གྲངས་དང་བཞི་བཅུ་ཞེ་གྲངས་ཡིན་པ་དང། ཁོང་རྣམས་ནི་བོད་ནང་སྐྱེས་པ་དང་༸གོང་ས་མཆོག་མཇལ་མྱོང་མེད་པ། བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་མེད་པ་ཆགས་ཡོད། འོན་ཀྱང་ཁོང་རྣམ་པས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སོ་སོའི་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམས་ནི་མི་ཐོག་དང་པོ་དང་གཉིས་པ་མིན་པར་མི་ཐོག་གསུམ་པ་དེ་ཆགས་ཡོད། དེར་བརྟེན་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་། བོད་རྒྱལ་ཁབ་ཀྱི་ལ་རྒྱ། མི་རིགས་ཀྱི་ཤ་ཞེན་ཡོད་པ་དེ་དག་རྒྱལ་སྤྱིའི་མཁྱེན་པ་དང། རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་ལྟ་བ་འཁྱེར་མཁན་འགོ་ཁྲིད་ཚོར་མཁྱེན་པ་བཟོ་ཐུབ་རྒྱུ། ལྷག་པར་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོའི་མངོན་འདོད་བསྒྲུབ་རྒྱུའི་འགན་དེ་ང་ཚོར་ཡོད། རྒྱལ་གཅེས་པ་ཁོང་རྣམ་པའི་སྙིང་སྟོབས་དང་རྒྱལ་ཞེན་ཡིད་ལ་བཅངས་ཏེ་ལྷག་བསམ་རྣམ་དག་དང་རྡོག་རྩ་ཆིག་སྒྲིལ་གྱིས་ཐོག་ནས་འབད་བརྩོན་གནང་ན་བོད་ནང་གི་བོད་མི་རྣམས་ཀྱི་མངོན་འདོད་ཏན་ཏན་བསྒྲུབས་ཀྱི་རེད་བསམས་ཀྱི་འདུག ང་ཚོས་རང་ལུས་མེར་སྲེག་གི་གནས་ཚུལ་ཐོས་སྐབས་སེམས་ནང་རང་བཞིན་སེམས་འཚབ་དང་བློ་ཕམ་ལྕི་མོ་ཞིག་ཆགས་ཡོང་གི་འདུག། འོན་ཀྱང་ཁོང་རྣམ་པས་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་བཞིན་ཡོད་སྟབས། ཁོང་རྣམ་པས་བློས་གཏོང་གནང་བ་དེ་ང་ཚོས་དུས་ནམ་ཡང་མ་བརྗེད་པ་བྱེད་དགོས། ཞེས་གསུང་བཤད་གནང་།།