༢༠༡༥ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསང་ཆེན་སྟོད་རྒྱུད་གྲྭ་ཚང་དུ་ཉིན་གྲངས་བཞིའི་རིག་བཀའ་ཆོས་དང་བཀའ་དབང་མཛད་རྗེས་ཉིན་མཐའ་མར་སྟོད་རྒྱུད་གྲྭ་ཚང་མཁན་བླ་དགེ་འདུན་འདུས་མང་ཡོངས་ནས་གདུངས་ཤུགས་དྲག་པོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་བླང་དོར་བཀའ་སློབ་སྩལ་དོན།
བྱེས་ཀྱི་དཔལ་ལྡན་སྟོད་རྒྱུད་དང་བོད་ལའང་རྭ་མོ་ཆེའི་རྐང་འཛིན་མཁན་ཞིག་ཡོད་པ་ཚང་མས་ཧུར་ཐག་འབད་ཐག་བྱེད་ཀྱི་འདུག བར་སྐབས་སྔགས་ཆེན་རིན་པོ་ཆེ་ཕ་གིར་བཞུགས་ཏེ་ཧུར་ཐག་གནང་སོང་། གཙོ་བོ་ང་ཚོ་བྱེས་ཀྱི་རྒྱུད་གྲྭ་སྨད་སྟོད་གཉིས་པོ་དེ་ཡག་ཐག་ཆོད་ཡོད། བར་སྐབས་ང་ཚོ་རྒྱ་གར་ལ་བསླེབས་ནས་ཕན་བདེ་ལེགས་བཤད་གླིང་ལའང་མཚན་ཉིད་བལྟ་དགོས་རེད་ཅེས་མཚན་ཉིད་བཙུགས་ཡོད། རྒྱུད་གྲྭ་སྨད་སྟོད་གཉིས་ལ་ནམ་རྒྱུན་སྐྱེ་རབས་པ་ཚོས་མཚན་ཉིད་བལྟ་གི་མེད་པས་ད་ཆ་ང་ཚོས་མཚན་ཉིད་བལྟ་ན་ཡག་པོ་ཡོད་རེད་ཅེས་འབོད་སྐུལ་ཞུས་པ་ཡིན། དེ་ནས་ཁྱེད་རང་ཚོས་དེར་དང་ལེན་གནང་ཡོད། རྒྱུད་གྲྭ་སྨད་སྟོད་གཉིས་ཀས་གཞུང་ལ་གཟིགས་ཀྱི་ཡོད། ཐེངས་འདིའི་རྩོད་རྒྱུགས་སྐབས་ངོས་རང་ཐང་ཆད་དེ་མཇལ་རྒྱུ་བྱུང་མ་སོང་། གང་ལྟར་འགྲིག་གི་ཡོད། དེ་བཞིན་བཙུན་མའི་དགོན་པ་ཚོ་ལའང་མཚན་ཉིན་བལྟ་དགོས་རེད་ཅེས་བརྗོད་ཡོད། རྗེས་སུ་བཙུན་མའི་དགོན་པ་ཚོ་ནས་དགེ་བཤེས་མ་ཐོན་གྱིས་ཡོད། དེར་བརྟེན་དེ་དག་ནི་བསྟན་པའི་ཞབས་འདེགས་རེད་ལ་ཞབས་འདེགས་ཡིན་བསམས་ཀྱི་ཡོད།
ནམ་རྒྱུན་ང་ཚོས་འདོན་པ་མང་པོ་འདོན་བཞིན་ཡོད་ནའང་འདོན་པ་བཏོན་པ་དེ་ནུས་པ་ཐོན་པ་ཞིག་དང་ལག་རྗེས་ཐོན་པ་ཞིག་བྱེད་ཐུབ་ན་ཡག་པོ་ཡོད། དེ་འདྲ་ཞིག་ཡོང་བར་མ་རྩ་གཙོ་བོ་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་གཉིས་རེད། མ་རྩ་མེད་ན་ལྷའི་རྣལ་འབྱོར་དེ་ཟློས་གར་འཁྲབ་པ་ལྟ་བུ་ཡིན་ཤག་བྱས་ན་ཕན་ཐོགས་གང་ཡང་མི་འདུག དེར་བརྟེན་སྟོང་ཉིད་ཀྱི་ལྟ་བ་དང་དེའི་རྒྱབ་རྟེན་བྱང་ཆུབ་སེམས་ཀྱི་ཐོག་ཨུ་ཚུགས་བརྒྱབ་ནས་གོ་བ་ཆགས་པ་ཙམ་མིན་པར་སེམས་ཀྱི་ནང་ཚོར་སྣང་ཡོད་པའི་ཐོག་ལྷའི་རྣལ་འབྱོར་དེ་དག་བསྒོམས་པ་ཡིན་ན་ཧ་ཅང་ཡག་པོ་ཡོང་གི་ཡོད། ཅེས་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཕྱི་དངོས་པོ་དང་ཤེས་ཡོན་གཉིས་ཡར་རྒྱས་འགྲོ་བཞིན་པའི་དུས་མཚམས་འདིར་ང་ཚོས་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་སྐོར་དང་འབྲེལ་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་དགོས་པ་མ་གཏོགས། ལམ་དང་ལུགས་སྲོལ་ཙམ་ཞིག་གི་ཐོག་ནས་འགྲོ་རྒྱུ་མེད་སྐོར་བཀའ་སྩལ་བ་མ་ཟད།
ལྷག་པར་སངས་རྒྱས་པའི་གཞུང་ལུགས་ཀྱི་དཔེ་ཆ་དེ་དག་གྲྭ་བཙུན་གཙོ་བོར་གྱུར་བའི་མི་སྐྱ་ཕོ་མོ་ཚོས་ཀྱང་ངེས་པར་དུ་དཔེ་ཆར་བལྟ་དགོས་སྐོར་བཀའ་སློབ་སྩལ་དོན།
མི་སྐྱ་ཕོ་མོ་ཚོ་ཡིན་ནའང་དཔེ་ཆ་བལྟ་དགོས་པ་རེད་ཅེས་དུས་རྟག་ཏུ་ཤོད་ཀྱི་ཡོད། ནམ་རྒྱུན་དུ་ངོས་ཀྱིས་དུས་རབས་ ༢༡ ནང་པ་ཞིག་བྱེད་དགོས་ཀྱི་རེད་ཅེས་ཤོད་ཀྱི་ཡོད། ནང་པའི་ཆོས་བྱེད་རྒྱུ་དེ་ལམ་དང་ལུགས་སྲོལ་ལྟ་བུར་བྱས་ཏེ། ང་ཚོའི་ཕ་མ་ཚོ་ནང་པ་ཡིན། ང་ཡང་ནང་པ་ཡིན་ཞེས་བཤད་པ་ལྟ་བུ་མིན་པར། སྔོན་ལ་བློ་དེ་ཉིད་ཐེ་ཚོམ་སྒང་ལ་བཞག ཞིབ་འཇུག་བྱས། རིག་པའི་སྒྲུབ་བྱེད་དང་རིག་པའི་གནོད་པ་ཡོད་མེད། དེ་བཞིན་དེང་སྐབས་ཚན་རིག་པ་ཚོས་ཤོད་བཞིན་པ་དེ་ཡོད་མེད། གོ་བསྡུར་བྱས་ནས་བསམ་བློ་བཏང་ན་ར་འཕྲོད་པ་ཞིག་ཡོང་གི་རེད། འདི་ལྟར་བྱས་ཏེ་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་ཧ་ཅང་གལ་ཆེན་པོ་རེད། དུས་རབས་ ༢༡ ནང་དངོས་པོ་དང་ཤེས་ཡོན་ཐོག་ཡར་རྒྱས་ཧ་ལས་པ་འགྲོ་གི་ཡོད། ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ང་ཚོས་ཤེས་ཐུབ་ཀྱི་ཡོད། དེའི་སྐབས་སུ་ང་ཚོས་སངས་རྒྱས་པའི་ཆོས་ལ་དད་པ་ཙམ་གྱི་ཐོག་ནས་སོང་བ་ཙམ་མ་ཡིན་པར་རྒྱུ་མཚན་མཐོང་བའི་སྒོ་ནས་ཆོས་ལ་ངེས་ཤེས་ཐོབ་པ་ཞིག་བྱུང་ན་སྤུས་དག་པོ་དང་བརྟན་པོ་ཡོང་གི་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།