༢༠༡༥ ཟླ་ ༤ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༧ ཉིན་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཇ་ཝར་ཧར་ལཱལ་ནེ་ཧ་རུ་ (JNU) གཙུག་ལག་སློབ་གྲྭའི་བོད་དོན་གླེང་སྟེགས་(Tibet Forum,JNU) དང༌། (Tibetan Review) བོད་གནས་སྐྱར་ཞིབ་དུས་དེབ་ཁང་གཉིས་ཐུན་མོང་གིས་གོ་སྒྲིག་འོག གཙུག་ལག་སློབ་གྲྭ་དེའི་སྤྱི་ཚོགས་ཚན་རིག་གི་ཚོགས་ཁང་ནང་སློབ་དཔོན་ཟླ་བ་ནོར་བུ་ལགས་ཀྱི་རྗེས་དྲན་ལྷན་ཚོགས་ཤིག་སྐོང་ཚོགས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་གཙུག་ལག་སློབ་ཁང་དེའི་ཉེ་བའི་རིགས་བདག་སྐུ་ཞབས་ཨེསེ་ཀེ་སོ་པོ་རོ་ཡེ་(Prof. S.K Soproy) ལགས་ཕེབས་ཡོད་པ་དང་། སྐབས་དེར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་དཔོན་ཟླ་བ་ནོར་བུའི་སྐོར་གསུང་བཤད་གནང་སྐབས། སློབ་དཔོན་ཟླ་བ་ནོར་བུ་ལགས་ནི་རྣམ་དཔྱོད་ལྡན་པའི་མཁས་དབང་ཞིག་ཡིན་པ་དང༌། ཁོང་གིས་བྲིས་པའི་དཔེ་དེབ་དང༌། རྩོམ་ཡིག་ཁག་བརྒྱུད་བོད་པའི་སྤྱི་ཚོགས་ཙམ་མ་ཟད། རྒྱ་ནག་གིས་གཙོས་ཨེ་ཤི་ཡ་སོགས་ལ་ཤེས་ཡོན་ཐོག་ནས་ཞབས་འདེགས་ཆེན་པོ་གྲུབ་ཐུབ་ཡོད་པ། དེ་བཞིན་ཁོང་གིས་བྲིས་པའི་དཔེ་དེབ་དང་རྩོམ་ཡིག་དེ་དག་ལ་བོད་རིག་པས་གཙོས་རྒྱ་ནག་དང་། ཧི་མཱ་ལ་ཡ། དཀྱིལ་ཤར་ཨེ་ཤི་ཡ་བཅས་ཀྱི་ཐོག་སློབ་སྦྱོང་གནང་མཁན་ཚང་མས་ངོས་འཛིན་དང་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་དང༌། བོད་པའི་སྤྱི་ཚོགས་ནང་ཁོང་ལྟ་བུ་མི་མང་ཙམ་བྱུང་ཚེ་ང་ཚོའི་ལས་འགུལ་དང་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ང་ཚོས་སློབ་དཔོན་ཁོང་ལ་རྗེས་དྲན་ཞུས་པ་ཙམ་མིན་པར། ཁོང་ནང་བཞིན་ཤེས་ཡོན་ཐོག་དཀའ་ལས་བརྒྱབ་ནས་ཁོང་ལྟ་བུ་གྲུབ་འབྲས་སྨིན་ཐུབ་པ་ཞིག་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་འདུག