༢༠༡༥ ཟླ་ ༤ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢ ནས་ ༨ བར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྷུབ་ནེཤི་ཝར་དུ་རྟེན་གཞི་བྱས་པའི་ (KIIT University) གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ལ་གསུང་བཤད་དང་། ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས། ཡར་ལམ་ལྡི་ལི་ནེ་ཧ་རུ་ (JNU) གཙུག་ལག་སློབ་གྲྭ་ཆེན་མོར་སློབ་དཔོན་ཟླ་བ་ནོར་བུ་ལགས་རྗེས་དྲན་ཞུ་རྒྱུའི་ཚོགས་འདུར་གསུང་བཤད་གནང་རྒྱུ་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༢ ཉིན་རྡ་ས་ནས་གྷ་གལ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༣ ཉིན་ལྡི་ལི་ནས་བྷུབ་ནེ་ཤི་ཝར་དུ་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ ཉིན་བོད་མིའི་གཞིས་ཆགས་སུ་ལས་རིམ་དང་། ཕྱི་ཚེས་ ༥ ཉིན་བོད་མིའི་གཞིས་ཆགས་ནས་ (KIIT) གཙུག་ལག་སློབ་གྲྭ་ཆེན་མོར་ཕེབས་ཐོན་གྱིས་ཕྱི་དྲོར་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྗེས། གནད་ཡོད་མི་སྣ་མཐོ་གྲས་ཁག་གཅིག་དང་མཇལ་འཕྲད་གནང་ནས། ཕྱི་ཚེས་ ༦ ཉིན་རྒྱལ་ས་བྷུབ་ནེཤི་ཝར་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་ནེ་ཧ་རུའི་གཙུག་ལག་སློབ་ཁང་དུ་སློབ་དཔོན་ཟླ་བ་ནོར་བུ་རྗེས་དྲན་གྱི་མཛད་སྒོར་ཕེབས་ནས་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༨ ཉིན་ལྡི་ལས་གྷགལ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག