ཟླ་བ་ ༤ ཚེས ༢༣ ༢༠༡༥
   Posted in གསར་གནས།
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༥ ཟླ་ ༤ ཚེས་ ༢༣ རེས་གཟའ་ཕུར་བུ།

བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བསྒྱུར།

 

༄༅། །༼བསྒྱུར་པ་པོའི་མཆན། རྩོམ་པ་པོ་སཱང་ཕུ་ཞེས་པ་ནི། ཧོང་ཀོང་གི་སྲིད་དོན་དཔྱད་ཞིབ་པ་དང་། ཁྲིམས་རྩོད་པ། ཁྲིམས་ལུགས་འབུམ་རམས་པ། ཕྱི་ལོ་ ༢༠༠༧ ནས་བཟུང་ཧོང་ཀོང་གི་<<ཀུ་ཤུ་ཉིན་རེའི་གསར་ཤོག་>>དང་ <<སྒོ་དབྱེ་དུས་དེབ>> <<ཐའི་ཝན་གྱི་རང་དབང་གསར་ཤོག་ >>ཨིན་ཇིའི་<>སོགས་བརྒྱུད་ལམ་འདྲ་མིན་ནང་རང་དབང་ཅན་གྱི་དཔྱད་རྩོམ་སྤེལ་མཁན་གྱི་གྲགས་ཅན་རྩོམ་པ་པོ་ཞིག་རེད། ད་རེས་ཁོང་གིས། ཏཱ་ལའི་བླ་མའི་སྐུ་སྐྱེ་ཡང་སྲིད་སྐོར་གུང་ཁྲན་ཏང་ལ་ཇུས་ཏོག་ག་རེ་འཁྲིད་ཀྱི་འདུག་གམ། ཞེས་པའི་དཔྱད་རྩོམ་དེ་ཕྱི་ལོ་ ༢༠༡༥།༣།༡༧ རྒྱ་ཡིག་ boxun དྲ་རྒྱའི་ནང་འགོད་སྤེལ་བྱས་འདུག་པ་རྒྱ་ཆེའི་གསར་ཤོག་ཀློོག་པ་པོས་མཁྱེན་རྟོགས་དང་ཐུགས་སྣང་ཡོང་སླད་ཁོ་བོས་བོད་བསྒྱུར་བགྱིས་པ་ཡིན།༽

ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༩ ཉིན། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་འཚོག་བཞིན་པའི་སྐབས། བོད་རང་སྐྱོང་ལྗོངས་ཀྱི་”མི་དམངས་འཐུས་མི་”རྣམས་ཚང་འཛོམས་ཚོགས་འདུ་འཚོགས་པ་རེད། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོ་པདྨ་འཕྲིན་ལས་ཀྱིས། རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མ་དང་”འབྲེལ་མོལ་”བྱེད་པའི་སྒོ་མོ་དེ་ཐོག་མཐའ་བར་གསུམ་དུ་ཕྱེ་ནས་ཡོད་པ་དང་། ཏཱ་ལའི་བླ་མ་དང་ག་རེ་བཤད་དང་། གང་འདྲ་བཤད། ཤོད་པའི་ཚད་གཞི་ག་ཚོད་ཙམ་བར་སླེབ་ཐུབ་མིན་གྱི་”ཐག་གཅོད་ཀྱི་དབང་ཆ་ཆ་ཚང་”ཏཱ་ལའི་བླ་མར་ཡོད། ཅེས་བཤད་ཡོད་པ་དང། སྔ་ལོའི་ལོ་མཇུག་ཏུ་ཏཱ་ལའི་བླ་མས་༼ཡང་སྲིད་མཇུག་སྒྲིལ་བྱ་སྲིད་པ་རེད་༽ཅེས་གསུངས་ཡོད་པར་དམིགས་ནས། པདྨ་འཕྲིན་ལས་ཀྱིས། “ང་མི་སྒེར་གྱི་ལྟ་ཚུལ་ནས་བརྗོད་ན། ཏཱ་ལའི་བླ་མས་གོང་གསལ་གྱི་བརྗོད་བབ་དེ་དག་ནི་བོད་བརྒྱུད་ནང་བསྟན་ལ་སྐུར་འདེབས་བྱས་པ་རེད།

སྐབས་ཅིག་ལ་ཕྱི་རོལ་དུ་ཡང་སྲིད་བྱོན་ཟེར་བ་དང་། ཡང་སྲིད་འཁྲུངས་རྒྱུ་མ་རེད་ཅེས་བརྗོད་པ་དེ་དག་ཚང་མ་འགྲོ་ལུགས་དང་མི་མཐུན་པ་རེད། ཏཱ་ལའི་བླ་མའི་ཡང་སྲིད་བྱོན་དང་མི་འབྱོན་ཚང་མ་ལོ་རྒྱུས་ལ་བརྩི་སྲུང་ཞུ་དགོས། ཆོས་ཕྱོགས་ཀྱི་ལམ་སྲོལ་ལ་བརྩི་བཀུར་ཞུ་དགོས་པ་ལས། ཏཱ་ལའི་བླ་མ་མི་གཅིག་གིས་བཤད་པ་དེར་བརྩི་དགོས་མེད། ཏཱ་ལའི་སྐུ་སྐྱེ་ཡང་སྲིད་ཡོང་སྟངས་ཐད་འགྲོ་ལུགས་ནན་ཏན་ཡོད་ཅིང་། རྒྱ་ནག་དབུས་གཞུང་ནས་ཀྱང་གཏན་འབེབས་དགོས་ཀྱི་ཡོད། ཨ་རིའི་སྲིད་འཛིན་ནམ་མི་སུ་རུང་ཞིག་གིས་ཏཱ་ལའི་དང་ཐུག་འཕྲད་བྱས་པ་ཚང་མ་རྒྱ་ནག་གི་ནང་སྲིད་ལ་ཚབས་ཆེའི་ཐེ་བྱུས་བྱས་པ་རེད། “ཅེས་བརྗོད་འདུག དེ་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འཆར་ཅན་གསར་འགོད་ཚོགས་འདུའི་ཐོག མགྲིན་ཚབ་མ་ཧཱ་ཁྲུན་ཡིས། ཏཱ་ལའི་བླ་མས་ཡུན་རིང་ཆོས་ལུགས་ཀྱི་ཕྱི་གོས་གྱོན་སྟེ། ག་དུས་ཡིན་ནའང་རྒྱ་ནག་ཁ་བྲལ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གིས་ལས་འགུལ་སྤེལ་བཞིན་པར་སྐྱོན་འཛུགས་བྱས་འདུག ཚེས་ ༡༡ ཉིན་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཇུན་གྱིས། “ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་ཡང་སྲིད་བྱོན་རྒྱུ་མིན་སྐོར་གླེང་བ་དེ་ནི། ལྐོག་གཡོ་ཞིག་ཡིན་པར་སྐྱོན་འཛུགས་དང་ཆབས་ཅིག་ཡང་སྲིད་ངོས་འཛིན་གྱི་ཐག་གཅོད་དབང་ཆ་རྒྱ་ནག་དབུས་གཞུང་ལ་ཡོད་སྐོར་བསྐྱར་ཟློས་”བྱས་འདུག

ཡང་སྲིད་ངོས་འཛིན་གྱི་ཐག་གཅོད་དབང་ཆ་རྒྱ་ནག་དབུས་གཞུང་ལ་ཡོད་སྐོར་གྱི་བརྗོད་ཚུལ་དེ། གསར་འགྱུར་ཞིག་མ་རེད། ཆོས་ལུགས་ལ་ཚོད་འཛིན་བྱ་ཆེད། སྔ་ས་ཕྱི་ལོ་ ༢༠༠༧ ལོར་<<བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་དོ་དམ་བྱ་ཐབས་>>ཞེས་པ་ཞིག་འགྲེམ་སྤེལ་བྱས་པ་དང་། སྤྲུལ་སྐུ་ངོས་འཛིན་བྱ་རྒྱུར་ཚོད་འཛིན་ནན་པོ་བྱས་ཏེ། སྤྲུལ་སྐུ་ངོས་འཛིན་བྱས་ཚད་ཚང་མར་སྲིད་གཞུང་གི་ཆོག་མཆན་འཐོབ་དགོས་པ་ལས། དེ་མིན་ཁྲིམས་འགལ་ཡིན་པར་ངོས་འཛིན་པ་མ་ཟད། གོང་གི་དོ་དམ་བྱ་ཐབས་ནང་། “སྤྲུལ་སྐུ་ངོས་འཛིན་བྱ་་རིམ་ནང་ངེས་པར་དུ་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། ཕྱི་རོལ་གྱི་སྒྲིག་འཛུགས་གང་རུང་ཞིག་དང་། མི་སྒེར་པ་གང་རུང་ཞིག་གི་ཐེ་ཇུས་དང་བཀོལ་སྤྱོད་འོག་མི་ཚུད་པ་དགོས། སྤྲུལ་སྐུ་ངོས་འཛིན་བྱ་རྒྱུའི་ཞུ་སྙན་རྫོང་རིམ་པའི་སྲིད་གཞུང་གི་ཆོས་དོན་ལྷན་ཁང་བརྒྱུད་རིམ་པ་བཞིན་སྙན་སེང་ཞུ་དགོས་ཤིང་། ཞིང་ཆེན་རིམ་པའི་ཆོས་དོན་ལས་ཁུངས་ནས་ཞིབ་འཇུག་དང་ཆོག་མཆན་དགོད་དགོས། གལ་ཏེ་སྤྲུལ་སྐུ་ཆེ་གྲས་དང་ཤུགས་རྐྱེན་ཆེན་པོ་ཡོད་རིགས་ལ་ཞིང་ཆེན་རིམ་པའི་ཆོས་དོན་ལས་ཁུངས་ལས་མཐོ་བའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ལས་ཁུངས་སམ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཞུ་དགོས་”པ་གསལ་ཡོད།

གལ་ཏེ་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུར་གུང་ཕྲན་ཏང་གིས་ཆོག་མཆན་འཐོབ་དགོས་ཀྱི་ཡོད་ན། རྒྱུ་མཚན་འདི་ལྟར་མི་ཞིག་འདས་གྲོངས་གྱུར་རྗེས་མི་ལུས་བླངས་པ་དང་། ཤི་འདྲེར་གྱུར་བ། གདོན་འདྲེ་ཆགས་པ། དམྱལ་བར་ལྷུངས་པ། ཡང་ན་ལྷ་ཡུལ་དུ་སྐྱེས་པ་སོགས་ཚང་མར་གུང་ཁྲན་ཏང་གིས་ཆོག་མཆན་འཐོབ་དགོས་སམ། དེ་ལྟར་གུང་ཁྲན་ཏང་དངོས་འབྲེལ་སངས་རྒྱས་དང་། དཀོན་མཆོག ཨ་ལཱ་གྷོ་ཏ་སོགས་ལས་ཀྱང་དབང་ཆ་ཆེ་བ་ཡོད་པས། “འཇིག་རྟེན་འདིའི་སྟེང་”དབང་ཆ་དང་ནུས་པ་ཆེ་ཤོས་ཆགས་པ་མ་ཡིན་ནམ། འདི་ནི་དངོས་འབྲེལ་ཀླད་པ་སྐྱོན་ཅན་གྱི་རྫུན་གཏམ་དང་ངན་པ་སྡུག་རུལ་གྱི་ལོག་ཆོས་ཤིག་རེད། གུང་ཁྲན་ཏང་ལྷ་མེད་སྨྲ་བ་ཞིག་ཡིན་བཞིན་དུ་ཡང་འཇིག་རྟེན་ཕ་རོལ་གྱི་དོན་དུ་ཇུས་མེད་ཇུས་ཏོག་བྱས་ཏེ། སྤྲུལ་སྐུ་ངོས་འཛིན་བྱེད་པར་ཐག་གཅོད་བྱེད་དབང་ཡོད་ཅེས་བཤད། གལ་ཏེ་མི་ཞིག་གིས་རྒྱ་ནག་གུང་ཁྲན་ཏང་གི་འདི་ལྟ་བུའི་སྔ་ཚིག་ཕྱི་འགལ་གྱི་བརྗོད་བབ་རེད་ཅེས་བཤད་ན། རྒྱ་དམར་གཞུང་གིས་དེ་མ་ཐག་བོད་བརྒྱུད་ནང་བསྟན་ལ་སྐུར་འདེབས་བྱས་པ་དང་། རྒྱལ་ཁབ་གྱི་ཆིག་བསྒྲིལ་ལ་གཏོར་བཤིག་དང་། མི་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཚུལ་སྐྱོན་འཛུགས་བྱེད་ཀྱི་ཡོད། སྐད་ཆ་མཐིལ་རྟོལ་ནས་བཤད་ན། འཇིག་རྟེན་འདིའི་ནང་ང་ཆེ་ང་བཙན་གྱི་གུང་ཁྲན་ཏང་ལ་ངོ་རྒོལ་བྱས་པ་དེ་རེད། སྔར་ནས་ད་བར་བོད་བརྒྱུད་ནང་བསྟན་གྱི་བཀའ་བསྟན་བསྒྱུར་གྱི་ཕྱག་དཔེ་ག་རེའི་ནང་དང་། གཞུང་གང་འདྲ་ཞིག་ནང་རྒྱ་ནག་དམར་གཞུང་ལ་སྤྲུལ་སྐུ་ངོས་འཛིན་བྱེད་པའི་དབང་ཆ་ཡོད་ཅེས་འཁོད་འདུག་གམ། གལ་ཏེ་ཡོད་ན། དེ་ནི་ལོག་ཆོས་ཡིན་ལ། ཚང་མ་གུང་ཁྲན་ཏང་གི་ལོག་བཤད་ཡིན་པ་ལས། ནང་ཆོས་མ་རེད། གལ་ཏེ་མེད་ན། རྒྱ་ནག་དམར་གཞུང་ཁོ་ན་ཆོས་ལུགས་ཡོད་ཚད་ལ་དབང་བསྒྱུར་བྱེད་དགོས་བསམ་པའི་ལོག་ཆོས་འབའ་ཞིག་ཏུ་ཟད། དོན་དངོས་ཐོག་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་ཡིན་པའི་དབྱི་སི་ལམ་རྒྱལ་ཁབ་ ( Islamic Terrorist ) ཅེས་པའི་ཁ་ཆེའི་ཆོས་ལུགས་ཀྱི་དྲག་སྤྱོད་སྒྲིག་འཛུགས་དེས་ཀྱང་”ལྷ་ཡུལ་དུ་སྐྱེས་པའི་ཐག་གཅོད་དབང་ཆ་ཡོད་”ཅེས་བཤོད་མི་ཕོད་པར་”ལྷ་ཡུལ་དུ་སྐྱེས་པའི་ལམ་སྟོན་བྱ་དབང་ཡོད་”ཅེས་བཤད། ཆོས་ལུགས་ཀྱི་འདུ་ཤེས་ཏིལ་འབྲུ་ཙམ་མེད་པའི་གུང་ཁྲན་ཏང་གི་བརྗོད་བབ་དེ་དག་དོན་དུ་རྟུག་དྲི་ཞིག་བཏང་བ་ལས་མི་དོ་བ་རེད། དེ་ཙམ་མ་ཟད། ལྷ་མེད་སྨྲ་བ་གུང་ཁྲན་ཏང་གི་འགལ་འཛོལ་ཆེ་ཤོས་དེ་ནི། ཁོ་པ་ཚོ་རང་ལ་”ཏཱ་ལའི་བླ་མའི་སྐུ་སྐྱེ་ཡང་སྲིད་ཀྱི་ཐག་གཅོད་དབང་ཆ་ཡོད་”ཟེར་བ་དེ་རེད། འདི་ལྟར་ཡིན་ན་ཕྱོགས་གཅིག་ནས་སྐྱེ་བ་ཕྱི་མ་ངོས་བླངས་ཏེ་སྤྲུལ་སྐུ་ཡོད་པར་ཁས་བླངས་པ་མ་ཟད། ད་དུང་ཁོ་པ་ཚོས་བཤད་པའི་”ལུགས་ལྤགས་གྱོན་པའི་སྤྱང་ཁྱི་”ཟེར་བའི་ཏཱ་ལའི་བླ་མ་ནི། སྤྲུལ་སྐུ་ཡིན་པར་དོན་གྱིས་ཁས་བླངས་པ་ཞིག་མིན་ན་ཅི། འདི་ལྟ་བུའི་སྔ་ཚིགས་ཕྱི་འགལ་ཤོར་བར་ཧང་སངས་རྒྱུ་ལས་མ་འདས།

ལྷ་མེད་སྨྲ་བ་གུང་ཁྲན་ཏང་གིས་”སྤྲུལ་སྐུ་ངོས་འཛིན་”གྱི་དད་མོས་དེར་ངོས་ལེན་བྱེད་ཀྱི་ཡོད་དམ། ཨ་ཅང་ཅང་། ངོས་ལེན་བྱེད་ཀྱི་མ་རེད། ངོས་འཛིན་བྱེད་ཀྱི་མེད་ན། སྤྲུལ་སྐུ་ངོས་འཛིན་གྱི་དོན་དེར་ཐེ་བྱུས་བྱས་པ་དེ་ནི་ཀླད་པར་སྐྱོན་ཤོར་བ་རང་རེད། གལ་ཏེ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་ངོས་ལེན་གྱི་ཡོད་ན། དང་ཐོག་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་བླངས་དགོས། ནང་ཆོས་ལ་དད་མོས་བྱེད་མཁན་ཚོས། འགྲོ་བ་མིའི་རིགས་དང་དེ་མིན་གྱི་དུད་འགྲོ་སྲོག་ཆགས་ཚང་མ་བསྐྱར་དུ་སྐྱེ་བ་ལེན་གྱི་ཡོད་པར་ངོས་འཛིན་གྱི་ཡོད། སྐྱེ་བ་སྔ་མ་ཞེས་པར་འགོ་མེད་ཅིང་། ཉོན་མོངས་ཀྱི་བློ་ཆོད་དེ་ ཉོན་མོངས་ལས་བྱུང་བའི་སྐྱེེ་བ་ཕྱི་མ་མཚམས་ཆད་དེ། བློ་འམ་རྣམ་ཤེས་མུ་མཐུད་གནས་པ་བཤད། ཚེ་འདིའི་མི་ལུས་དེ་མེད་པ་ཆགས་རྗེས། མཚམས་མི་ཆད་པའི་རྣམ་ཤེས་ཀྱིས་སྐྱེ་བ་ཕྱི་མའི་ལུས་ཆགས་འགྲོགས་བྱེད། དེ་ལྟར་ཁྱོན་གནས་སྟངས་གཉིས་ཡོང་གི་ཡོད། གཅིག་ནི་ཉོན་མོངས་ལས་”སྐྱེ་བ་བླངས་པ་”དང། གཞན་གཅིག་དེ་ “བྱང་སེམས་བསྔོ་སྨོན་”ལས་སྐྱེ་བ་བླངས་པ་ཞིག་ཡིན། དང་པོ་དེ་ཆུ་འཁོར་བཞིན་ཟམ་མི་ཆད་པ་སྐོར་བ་བརྒྱབ་ཏེ། མི་ཕལ་བ་རྣམས་སྐྱེ་འཆི་བར་དུ་རང་དབང་གིས་སྐྱེ་བ་ལེན་མི་ཐུབ་པར། རང་གི་དགེ་སྡིག་མང་ཉུང་དང་། ལས་ཀྱི་རྒྱུ་འབྲས་བསྐོར་བསྐྱོད་བཞིན་སྐྱེ་བ་བླང་གི་ཡོད། རྗེས་མ་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཟིན་པས། སྐྱེ་བ་བླང་གི་མེད། བྱང་ཆུབ་སེམས་པ་རྣམས་མི་ཡུལ་དུ་སྐྱེ་བ་བླངས་ཚུལ་ནི། འགྲོ་བ་རྣམས་ཐར་པའི་ལམ་འཐོབ་པར་རོགས་མགོན་ཆེད་བསམ་བཞིན་མི་ཡུལ་དུ་སྐྱེ་བ་བླང་སྟེ་བྱང་སེམས་ཀྱི་བསྔོ་སྨོན་བཞིན་སྐྱེ་བ་བླང་གི་ཡོད། ཏཱ་ལའི་བླ་མ་མཆོག་ནས་ཁོང་གི་མཛད་རྣམ་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>> ནང་། འདི་ལྟའི་གནས་སྟངས་འདིར་དཔེར་བརྗོད་ཅིག་བསྐྱོན་གནང་འདུག་པ་སྟེ། གནས་སྟངས་” འདི་ནི་ཟླ་བའི་གྲིབ་ནག་ལྟར་མཐུན་རྐྱེན་རན་འཚམ་གྱི་ཆ་རྐྱེན་འོག་ མཚོ་དང་མཚེའུ་རྣམས་རྦ་རླབས་མེད་པར་འཇམ་ཐིང་ངེར་གནས་པའི་སྐབས། ཟླ་བའི་གྲིབ་ནག་ཆུའི་ནང་ཕྲ་ལམ་མེར་གསལ་ཡོད་ནའང། ཟླ་བ་ངོ་མ་བར་སྣང་དུ་བསྐོར་བསྐྱོད་བྱེད་མུས་ཡིན། གོང་གི་ཤུགས་བསྟན་གོ་དོན་ལ་གཞིགས་ན། ཟླ་བ་འོད་ཟེར་ས་ཆ་འདྲ་མིན་དུ་ཤར་བ་བཞིན། སངས་རྒྱས་ཀྱང་ལུས་པོ་འདྲ་མིན་ནང་སྐྱེ་བ་བཞེས་ཀྱི་ཡོད། ཡང་སྲིད་འདི་ཚོས་རང་གི་སྨོན་ལམ་བཞིན་སྐྱེ་བ་བཞེས་སའི་ས་ཆ་དང་དུས་ཚོད་བདམས་ཀྱི་ཡོད། མ་ཟད་སྐྱེ་བ་བླང་རིམ་བཞིན་ཁོང་ཚོའི་སྐྱེ་བ་གོང་མའི་དྲན་ཤེས་རྣམས་དུས་ཡུན་གང་འཚམ་རིང་གནས་ཐུབ་པ་གནང་ཡོད་པ་དེ་ནི། མི་རྣམས་ཀྱིས་ངོ་རྟག་ཆོད་བདེ་བའི་ཆེད་རེད། ” འདི་ལྟ་བུའི་སྐྱེ་བ་བླང་མཁན་ཡང་སྲིད་དེ་དག་ལ་”སྤྲུལ་སྐུ་ ” ཞེས་ཡོངས་གྲགས་སུ་འབོད་པ་དང་། རིན་པོ་ཆེ་ཞེས་འབོད་སྲོལ་ཡང་ཡོད། ཏཱ་ལའི་བླ་མ་མཆོག་ཀྱང་ཡང་སྲིད་སྤྲུལ་སྐུ་འདིའི་ནང་གཅིག་རེད། དེ་དང་དུས་མཚུངས། སར་གནས་བྱང་ཆུབ་སེམས་དཔས་དུས་སྐབས་གཅིག་གི་ནང་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་གྱི་ཡོད་པས། དེ་ལ་”མཇུག་མ་འགྲིལ་སྤྲུལ་སྐུ་”ཞེས་བརྗོད། གང་ལྟར་ཡང་། ཏཱ་ལའི་བླ་མ་ནི་སྤྲུལ་སྐུ་གཅིག་པོ་དེ་མ་ཡིན།

ཡང་སྲིད་ཡོད་ན། ངོས་འཛིན་བྱེད་པའི་གནད་དོན་ཡང་ཡོད། དུས་རབས་བཅུ་གསུམ་པ་ནས་བཟུང་། ཡང་སྲིད་རྩད་གཅོད་དང་ངོས་འཛིན་བྱེད་ པའི་བྱ་ཐབས་ཐད། སྐུ་གོང་མས་འདའ་ཁའི་ཞལ་ཆེམས་དང་། ལུང་བསྟན། དམིགས་བསལ་གྱི་རྟགས་མཚན། ཡང་སྲིད་འོས་སྤྲུལ་ནས་སྐྱེ་བ་སྔོན་མའི་འཚོ་བའི་ནང་གི་གནས་ཚུལ་ནོར་འཁྲུལ་མེད་པ་བཤོད་ཐུབ་པ་མ་ཟད། སྐྱེ་བ་སྔོན་མའི་རང་གི་དངོས་ཆས་དང་ཞབས་འབྲིང་རྣམས་ངོ་ཐག་ཆོད་ཐུབ་པ་དགོས། དེ་མིན་བླ་མར་ཕྱག་མོ་ཞུ་བ་དང་། ཆོས་སྐྱོང་སྲུང་མས་ལུང་བསྟན་གནང་བ། ལྷ་མོའི་བླ་མཚོ་སོགས་ལ་མཚོ་གཟིཌ་གནང་བ་སོགས་ཀྱི་བྱ་ཐབས་འཚུད་ཡོད། གལ་ཏེ་ཡང་སྲིད་འོས་སྤྲུལ་མང་པོ་ཐོན་ནས་ཐག་གཅོད་བྱེད་དཀའ་བའི་སྐབས་སུ། སྐུ་རྟེན་རྩ་ཆེའི་མདུན་མཆོད་པ་རྒྱ་ཆེ་བཤམས་ཏེ་གསོལ་བ་འདེབས་པའི་ལམ་ནས་ཟན་རིལ་བསྒྲིལ་སྟེ་བདེན་ཐག་བཅད་པའི་ལམ་སྲོལ་ཡང་ཡོད་པ་རེད། ལོ་རྒྱུས་ཐོག་ཞིབ་དཔྱད་བྱེད་པའི་རིང་། གོང་གསལ་ཡང་སྲིད་ངོས་འཛིན་བྱ་ཐབས་དེ་དག་ནང་ནས་འགའ་ཤས་སྙིགས་མའི་དུས་འདིར་མིས་ཆབ་སྲིད་ཀྱི་དགོས་དབང་ལ་བརྟེན་ནས་བརྫུན་བཟོ་བྱས་པ་ཡང་བྱུང་ཡོད། མན་ཇུ་གོང་མས་<< སྲོལ་ཡིག་དོན་ཚན་ ༢༩ >>ཞེས་པ་གཏན་འབེབས་བྱས་ཏེ། “གསེར་བུམ་དཀྲུག་”པའི་ཐབས་ལམ་ལ་བརྟེན་ནས་ཏཱ་ལའི་བླ་མ་དང་། པཎ་ཆེན་བླ་མ། དེ་མིན་གྱི་ཧུ་ཐོག་ཐུ་རིམ་པའི་བླ་སྤྲུལ་ཁག་ངོས་འཛིན་གཏན་འཁེལ་བྱ་ཚུལ་བཤད་ཡོད། “གསེར་བུམ་དཀྲུག་པའི་”བྱ་ཐབས་དེ་ནི་མན་འཇུ་གོང་མས་བོད་དང་མཆོད་ཡོན་གྱི་འབྲེལ་བར་དམིགས་ནས་བཙན་ཧམ་བྱས་ཚུལ་མཚོན་པ་ཙམ་ལས། བོད་མིས་ཡིད་ཆེས་འཕེར་བའི་སྔར་སྲོལ་ཆོས་ཕྱོགས་ཀྱི་ཆོ་ག་ཞིག་མིན་པར་བརྟེན། <<སྲོལ་ཡིག་>>ལྟར་ལག་བསྟར་བྱ་ཁུལ་དབང་དུ་བཏང་ནའང་། དེ་ནི་བོད་མིའི་ཟན་རྟགས་བསྒྲིལ་བ་དང་གཉིས་སུ་མེད། དེ་ལྟར་ཡང་། ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱུང་ནང་སྐུ་ཕྲེང་བཅུ་གཅིག་པ་གཅིག་པུ་གསེར་འབུམ་དཀྲུག་འདོན་བྱ་ཐབས་ལས་ཐོན་ཡོད། དེ་བཞིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་སྐུ་ཕྲེང་བརྒྱད་པ་དང་དགུ་པ་གསེར་བུམ་དཀྲུག་འདོན་བྱ་ཐབས་ལས་ཐོན་ཡོད་ཀྱང་། འདི་ནི་མན་འཇུ་གོང་མས་བོད་ཀྱི་ཡང་སྲིད་ངོས་འཛིན་ཞུ་ཐབས་ལ་བཙན་དབང་གིས་ཐེ་ཇུས་བྱས་པ་མཚོན་དོན་ཙམ་ལས་དོན་དངོས་ཀྱི་ནུས་པ་གང་ཡང་ཐོན་མེད་སྟབས། “བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱ་དབང་མན་འཇུ་གོང་མར་ཡོད་”ཟེར་བའི་ཡུལ་གྱི་གཤེད་མའི་ཁྲམ་པ་དང་མ་རུང་ཧམ་བཤད་ཀྱི་བྱེད་སྟངས་དེ་བས་ཀྱང་ལྷག་མེད།

མན་འཇུ་མགོ་མཇུག་ལོག་སྟེ་རྒྱ་ནག་མི་སེར་རྒྱལ་ཁབ་གསར་དུ་ཚུགས་པའི་ཕྱི་ལོ་ ༡༩༡༢ ལོར་བོད་ཀྱིས་མན་འཇུ་དམག་དཔུང་ཤུལ་ལུས་རྣམས་བོད་ནས་ཕྱིར་འབུད་དེ། བོད་ལ་དངོས་དོན་གྱི་རང་བཙན་རྒྱལ་ཁ་ཐོབ་ནས་རྒྱ་ནག་ནང་ཁུལ་གྱི་དམག་ཤེད་ཅན་དང་གོ་མིང་ཏང་དང་གུང་ཁྲན་ཏང་དབར་གྱི་ནང་འཁྲུག་དམག་དང་། རྒྱ་ནག་དང་འཇར་པན་གྱི་དམག་འཁྲུག་བཅས་ལ་མ་ཞུགས་པར་བར་བརྒལ་དུ་གནས་ཤིང་། སིམ་ལའི་ཆིངས་ཡིག་ལ་རྒྱ་ནག་ངོས་ནས་ས་རྟགས་མ་འགོད་པར་བརྟེན་རྒྱ་ནག་གི་ཁྲིམས་ཐོག་གི་གནས་བབ་ (Suzerainty) གཏན་འཁེལ་ཐུབ་མེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཕྱི་ལོ་ ༡༩༣༣ ལོར་བཞག་གནང་བའི་ཞལ་ཆེམས་ནང་། ” ངོས་རང་གསེར་བུམ་དཀྲུག་འདོན་གྱི་ལམ་ནས་སླེབས་པ་མ་ཡིན་པར། ལུང་བསྟན་དང་། ཟན་རྟགས་བསྒྲིལ་བ་སོགས་རྩེ་མཐུན་གྱི་འབྲས་པུར་བརྟེན་༸རྒྱལ་བའི་སྐུ་སྐྱེ་ཡང་སྲིད་དུ་ངོས་འཛིན་གྱིས་སྲིད་ཁྲི་མངལ་གསོལ་ཞུས་པ་ཡིན་”པ་གསལ་པོ་གསུངས་ཡོད། དེ་བཞིན་ད་ལྟ་འཚོ་ཞུགས་ཀྱི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཀྱང་། སྐབས་དེར་མན་འཇུ་གོང་མ་མེད་པར་གྱུར་ཟིན་ནས། བོད་ཀྱི་སྲིད་སྐྱོང་རྭ་སྒྲེང་མཆོག་དང་མི་མང་འཐུས་ཚོགས་བཅས་ནས་ཆོས་སྐྱོང་སྲུང་མའི་བཀའ་ལུང་དང་། ལྷ་མོའི་བླ་མཚོའི་མཚོ་གཟིགས་སོགས་རྟགས་མཚན་ལ་བརྟེན་ནས་ཕྱི་ལོ་ ༡༩༣༩ ལོར་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་། དེའི་སྐབས་རྒྱ་ནག་གཞུང་གི་ཐེ་ཇུས་གང་ཡང་བྱུང་མེད། སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་གཙོ་འཛིན་མ་ཕུ་རྥང་ཁ་ཆེའི་ཆོས་ལུགས་ཞིག་ཡིན་པས། ཁོའི་གཤམ་འོག་ལས་བྱ་ཁག་ཅིག་གིས་སྐབས་དང་བསྟུན་རྒྱུ་དངོས་འཕྲོག་བཅོམ་བྱས་ཡོད་ནའང་། རྒྱ་ནག་གཞུང་གི་དཔོན་རིགས་ནས་ཏཱ་ལའི་བླ་མའི་སྐུ་སྐྱེ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྩ་བ་ནས་ཐེ་ཇུས་བྱས་པ་བྱུང་མི་འདུག མའོ་ཙེ་ཏུང་གིས་འགོ་བྱས་པའི་རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༡༩༥༠ ལོར་བོད་ལ་བཙན་འཛུལ་བྱས་ཏེ། ལོ་རྒྱུས་ནང་བྱུང་མྱོང་མེད་པའི་བོད་ཀྱི་ས་ཆ་དང་། མི་དམངས། ཆོས་དང་རིག་གཞུང་སོགས་གཏོར་བཤིག་ཚབས་ཆེ་བཏང་ཡོད། དེའི་སྐོར་ཏཱ་ལའི་བླ་མ་མཆོག་ནས་ལྗགས་རྩོམ་མཛད་པའི་ <<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>> ཞེས་པའི་དེབ་འདི་ཞིབ་ཙམ་ལྟ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། གང་ལྟར་ག་རེ་ཡིན་ནའང་། རྒྱ་ནག་དམར་གཞུང་གིས་སྔ་བར་ཕྱིས་གསུམ་དུ་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱ་མྱོང་མེད་ལ། ཡང་སྲིད་དང་འབྲེལ་བའི་ལས་དོན་ཐད་མི་སྐྱའི་སྲིད་དབང་ལ་འབྲེལ་བ་གང་ཡང་མེད་པ་མ་ཟད། ཞིབ་བཤེར་དང་ཆོག་མཆན། ཆོས་ལུགས་ཀྱི་འགོ་ཁྲིད་བསྐོ་གཞག་དང་གནས་དབྱུངས་གཏང་བའི་དབང་ཆ་ཏིལ་འབྲུ་ཙམ་མེད། གུང་ཕྲན་ཏང་གི་དབྱུག་པ་པདྨ་འཕྲིན་ལས་ཀྱིས། ཉེ་ཆར་”ཏཱ་ལའི་བླ་མ་དེ་སྔོན་ཏཱ་ལའི་ཡང་སྲིད་འོས་སྤྲུལ་ཆགས་པ་དེ་རྒྱ་ནག་དབུས་གཞུང་གིས་ཆོག་མཆན་ཐོབ་ཡོད་”ཅེས་བཤད་པ་དེ་ནི། མངོན་གསུམ་འཛེམས་མེད་ཀྱིས་བརྫུན་གཏམ་བཤད་དེ། ལོ་རྒྱུས་བརྫུན་བཟོ་བྱས་པ་རང་རེད།

ཡིན་ནའང་། ད་ལྟའི་སྐུ་འཚོ་ཞུགས་ཀྱི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་ ༧༩ ཕེབས་ཡོད་སྟབས། རྒྱ་ནག་དམར་གཞུང་ལག་པ་ཟ་ནས་ཆེད་མངགས་དགོངས་པ་རྫོགས་རྒྱུར་བསྒུག་སྟེ། མ་འོངས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་འོས་སྤྲུལ་གཅིག་ཁོ་པ་ཚོས་སྔོན་ཚུད་ནས་རང་འཚམ་གྱིས་བསྐོ་གཞག་བྱ་རྒྱུའི་ལྐོག་གཡོ་བཤམས་མཐར། དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་སྐུ་སྐྱེ་ཡང་སྲིད་ཡིན་ཞེས་རྫུན་གཏམ་བསྒྲགས་ཏེ། བོད་མི་དད་ཅན་མང་ཚོགས་དང་། བོད་བརྒྱུད་ནང་བསྟན་གྱི་ཕྱི་མི་དད་ལྡན་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་ནས། བོད་བརྒྱུད་ནང་བསྟན་གྱི་གཞི་རྟེན་རྩ་གཏོར་གཏོང་རྒྱུའི་གྲབ་གཤོམ་བྱེད་བཞིན་ཡོད་པ་རེད། དེར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནས་རྒྱ་ནག་དམར་གཞུང་གི་དམིགས་ཡུལ་གསལ་པོ་མཁྱེན་རྟོགས་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་འཁོད་དོན། “༸རྒྱལ་དབང་སྐུ་ཕྲེང་རྗེས་མ། ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམ་ཞིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་༼༨༣༽ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན།

གལ་ཏེ་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས།”ཞེས་འཁོད་འདུག ད་དུང་དྲན་གསོ་བྱ་དགོས་པ་ཞིག་ལ་ཕྱི་ལོ་ ༡༩༩༥ ལོར་བོད་ཕྲུག་ཞིག་ལ་དེ་སྔའི་ཆོས་ཕྱོོགས་ཀྱི་སྲོལ་ལྟར་རང་དབང་ཐོག་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པའི་ཆུང་སྲིད་རིན་པོ་ཆེ་༼དགེ་འདུན་ཆོས་ཀྱི་ཉི་མ་༽དེ་རྒྱ་ནག་དམར་གཞུང་གིས་དེ་མ་ཉིད་དུ་བཙན་ཁྲིད་གསང་སྦས་བྱས་རྗེས། དེའི་ཚབ་ཏུ་ཕྲུ་གུ་གཞན་པ་ཞིག་བྱེད་བཅུག་པར་བརྟེན། རྒྱ་ནག་དམར་གཞུང་གིས་བསྐོ་གཞག་བྱས་པའི་པཎ་ཆེན་དེར་མང་ཚོགས་ནང་ངོས་འཛིན་བྱ་དཀའ་བའི་གནས་སུ་གྱར་ཡོད་པ་འདི་ནི། ཕྱི་འདོམས་ཀྱི་མེ་ལོང་ཞིག་ཏུ་གྱུར་ཡོད། བཤོད་ཚུལ་གཞན་ཞིག་ནས་གླེང་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་ཐག་གཅོད་གནང་བ་ལྟར། ཡང་སྲིད་ཕེབས་དང་མི་ཕེབས་དད་ལྡན་ཆོས་བྱེད་མང་ཚོགས་ཀྱི་དོད་མོས་ལ་ལྟ་དགོས་པ་དང་། གལ་ཏེ་ཡང་སྲིད་ཕེབས་དགོས་འབྱུང་ན། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་སྔར་སྲོལ་འགྲོ་ལུགས་ཁོ་ན་ལས་རྒྱ་དམར་གཞུང་ལ་ཐེ་ཇུས་བྱེད་དབང་ཏིལ་འབྲུ་ཙམ་མེད། འདི་ནི་ཉེ་ཆར་ཏཱ་ལའི་བླ་མ་མཆོག་ནས་ “ཡང་སྲིད་མཇུག་བསྒྲིལ་བྱ་སྲིད་པ་རེད་”ཅེས་དང་། ཡང་”མི་རྣམས་ཀྱིས་དད་མོས་ཆེན་པོ་ཡོད་པའི་ཏཱ་ལའི་བླ་མའི་ཕྱག་ནས་སྔར་སྲོལ་ལོ་རྒྱུས་ཡུན་རིང་ཡོད་པའི་ཡང་སྲིད་ཕེབས་སྟངས་འདི་མཇུག་བསྡུ་རྒྱུའི་”བཀའ་ཕེབས་པའི་རྒྱབ་ལྗོངས་ཀྱི་དངོས་བདེན་གྱི་འཆར་གཞི་ཡོངས་གྲགས་ཀྱིས་ཁ་གསལ་གཏིང་གསལ་ཡིན་པ་གསུངས་ཡོད་པ་རེད།

དེ་མིན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྔ་ས་ནས་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་༼ཆོས་སྲིད་ཁ་བྲལ་བ་༽འམ་༼གྲྭ་བཙུན་དང་མི་སྐྱ་ཁ་དགྱེས་པའི་༽ལམ་ལུགས་ཀྱི་བསྒྱུར་བཅོས་ལེགས་བསྒྲུབས་བྱུང་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་གསར་པ་འོས་བསྡུ་བྱ་རྒྱུའི་སྔ་རོལ་དུ། ཏཱ་ལའི་བླ་མས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཀྱི་ལས་གནས་ནས་དགོང་ཞུ་གནང་རྒྱུ་ཡང་། སྔར་བཞིན་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཀྱི་འགན་འཁུར་བཞེས་ཏེ་མུ་མཐུད་ཆོས་འཆད་སྤེལ་མཛད་རྒྱུ་ཞལ་བཞེས་བསྐྱངས་ཡོད། ཏཱ་ལའི་བླ་མའི་གནང་སྟངས་འདིས་གསར་དུ་འོས་ཐོན་བྱུང་བའི་ཆབ་སྲིད་ཀྱི་འགོ་ཁྲིད་ཀྱིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བརྒྱུད་རིམ་ནང་རང་གི་ཤེས་འཇོན་སྔར་ལྷག་འདོན་པའི་བར་སྟོང་ཞིག་བྱུང་བ་དེས། རྒྱ་ནག་གཞུང་གིས་ཁོང་ལས་གཡོལ་སྟེ་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་བཟོ་རྒྱུ་དེ་བས་དཀའ་ངལ་ཆེ་རུ་བཟོས་ཡོད། ཏཱ་ལའི་བླ་མ་མཆོག་ནས། ” ཕྱི་ལོ་ ༢༠༡༡ ལོར་ངོས་ནས་ཆབ་སྲིད་ཀྱི་འགན་འཁུར་ཆ་ཚང་བཤོལ་བ་དེས། ངོས་རང་བགྲེས་ཡོལ་ཕྱིན་པ་ཙམ་མ་ཟད་མི་ལོ་ ༤༠༠ ལྷག་དུས་ཡུན་རིང་ཆོས་སྲིད་ཟུང་སྦྲེལ་གྱི་ལམ་སྲོལ་འདི་མཇུག་བསྒྲིལ་བ་རེད། དེ་ཡང་ངོས་རང་དགའ་ཞིང་། དོད་མོས་དང་དགའ་སྤོབས་ཆེན་པོའི་ངང་དུས་རབས་བཞི་ལྷག་ཙམ་ཕྱིན་པའི་དུས་ཡུན་རིང་པོའི་ཏཱ་ལའི་བླ་མས་ཆོས་སྲིད་གཉིས་ཀྱི་འགན་འཁུར་བའི་དགའ་ལྡན་ཕོ་བྲང་གི་ལམ་ལུགས་འདི་མཇུག་བསྒྲིལ་བ་མཚོན་པ་རེད།” ཅེས་བཀའ་སྩལ་ཡོད། འདི་ལྟ་བུའི་འཇིག་རྟེན་པའི་ཆབ་སྲིད་ཀྱི་དབང་ཆར་གཞེན་ཆགས་མི་མཛད་པའི་ཡ་རབས་གཞུང་བཟང་དང་། ལམ་ལུགས་བསྒྱུར་བཅོས་གནང་བའི་གསར་གཏོད་ཀྱི་སྙིང་སྟོབས་འདི་ལ་སྙིང་དབུས་ནས་ཡིད་སྨོན་ཞུ་རྒྱུ་ཡིན།

ཕྱོགས་གཞན་ཞིག་ནས་བལྟས་ན། དུས་ད་ལྟ་བར་རྒྱ་ནག་དམར་གཞུང་གི་ཏང་མི་ཚོ་སྔར་བཞིན་ཆོས་དད་གང་ཡང་མེད་པར། ཀླད་པ་མཁྲེགས་སྲུང་འགྱུར་བ་མེད་པར། མིག་གི་མདུན་ཁེ་ཕན་དང་། ཟ་མཁོ། རྒྱུ་དངོས། དབང་ཆ་བཅས་མ་གཏོགས་བསམ་རྒྱུ་མེད། རྒྱ་དམར་གཞུང་གིས་ག་རེ་བཤད་ཀྱང་རྒྱ་ནག་དབུས་གཞུང་གིས་བོད་ལ་”གཟིགས་སྐྱོང་”གནང་ཚུལ་བཤད་དེ། འདི་ལོར་ “ལྷོ་ཨེ་ཤ་ཡའི་དད་ལྡན་འགྲོ་ལམ་ཆེན་པོའི་ལས་འཆར་”བཟོས་ཏེ། “ལམ་གཅིག་དང་ཁུལ་གཅིག་”ཁ་གཏད་སྣེ་ལེན་བྱ་དགོས་ཚུལ་དང་། ཡང་” བྷང་ལ་དེ་ཞི། རྒྱ་གར། འབར་མ་དང་རྒྱ་ནག་བཅས་་ཀྱི་དཔལ་འབྱོར་བར་ཁྱམས་”ཞེས་པ་དང་། “ཧི་མ་ལ་ཡའི་རི་རྒྱུད་སྐོར་བའི་དཔལ་འབྱོར་མཉམ་འབྲེལ་ས་ཁུལ་”ཞེས་པའི་ལས་གཞི་ཡོད་ཚུལ་སྒྲོབ་ཉམས་སྟོན་པ། དེ་མིན་”ཟི་ཁྲོན་དང་བོད་ཀྱི་ལྕགས་ལམ།” “ཡུན་ནན་དང་བོད་ཀྱི་ལྕགས་ལམ། “ཤིན་ཅང་དང་བོད་ཀྱི་ལྕགས་ལམ་དང་།” “གཞིས་ཀ་རྩེ་ནས་སྐྱིད་རོང་བར་མེ་འཁོར་ལྕགས་ལམ་”ཟེར་བ་སོགས་ཀྱི་ལས་འཆར་ཡོད་ཚུལ་ཁ་པོ་ཆེ་བཤད། བོད་རང་སྐྱོང་ལྗོངས་དམར་ཤོག་གི་དྲུང་ཆེ་གཞོན་པ་དང་སྲིད་གཞུང་གི་གཙོ་འཛིན་བློ་བཟང་རྒྱལ་མཚན་གྱི་མངོན་གསལ་དོད་པོས། “རིགས་འདྲ་མིན་གྱི་དཔལ་འབྱོར་སྡེ་ཚན་ཁག་གིས་བོད་ཀྱི་རྨང་གཞིའི་ལས་གཞིའི་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཁེ་ལས་པ་རྣམས་བོད་ནས་ཏན་ཏན་རྒྱུ་ནོར་ཕྱུག་པོ་ཆགས་ཐུབ་པར་ང་ཚོོས་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་ངོ་ཚ་ཁྲེལ་མེད་ཀྱིས་བརྗོད་འདུག གོང་གི་བརྗོད་ཚུལ་འདི་རིགས་དང་”ཕྱུག་པོ་ཆགས་པར་བཀྲིས་བདེ་ལེགས་ཡོད་”ཟེར་བའི་རྒྱ་ནག་དམར་གཞུང་གི་དཔོན་རིགས་དེ་ཚོའི་གཏམ་བརྗོད་དང་བྱ་སྤྱོད་འདི་དག་ནི། བོད་ཀྱི་ཆོས་ལུགས་དང་། རིག་གཞུང་། སྣོད་བཅུད། ཁོར་ཡུག བོད་མིའི་སེམས་ཁམས་དང་འཚོ་བར་གཏོར་བཤིག་གཏོང་མཁན་གྱི་བྱེད་གཏེ་ཆགས་ཡོད།

སངས་རྒྱས་མི་ཡུལ་ལ་སྐྱེ་བ་བླངས་པར་གུང་ཁྲན་ཏང་གིས་”ཇུས་ཏོག་”བྱེད་པ་དང་། མི་དྲག་རྣམས་ཕྱུག་པོ་ཆགས་རྒྱུར་ཡང་གུང་ཁྲན་ཏང་གིས་ཇུས་ཏོག་བྱེད་ཀྱི་ཡོད་ན། བཀའ་དྲི་ཞུ་རྒྱུར། ཕྱི་ལོ་ ༡༩༥༤ ལོར་མའོ་ཙེ་ཏུང་གིས་དགུང་ལོ་གཞོན་པའི་ཏཱ་ལའི་བླ་མའི་སྙན་ཅོག་འགྲམ། “ཆོས་ལུགས་ནི་དུག་ཡིན་པ་དང་། དེ་ལ་སྐྱོན་གཉིས་ཡོད། གཅིག་ནི་མི་རིགས་ཉམས་ཞན་དུ་གཏོང་བ་དང་། གཞན་གཅིག་ནི་རྒྱལ་ཁབ་ཡར་རྒྱས་གཏོང་རྒྱུར་འགོག་རྐྱེན་བཟོ་ཡི་རེད་”བཤད་པའི་སྐད་ཆར། གུང་ཁྲན་ཏང་གིས་ད་ཆ་ཇུས་ཏོག་ཇི་ལྟར་བྱེད་དམ། དེང་གི་དུས་ལ་མིག་ལྟ་བྱེད་སྐབས་ཞི་ཅིན་ཕིང་གིས་འགོ་བྱེད་པའི་རྒྱ་ནག་དམར་གཞུང་གིས་མངོན་གསལ་དོད་པོས་”གུང་ཁྲན་ཏང་གིས་མ་གཏོགས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གཏན་འཁེལ་བྱ་ཐུབ་མིན་”བཤད་པ་དེ་ནི། “དུག་རྩྭར་ངོས་འཛིན་དང་ཡང་བསྐྱར་དུག་རྩྭ་ཐོན་སྐྱེད་བྱེད་ཆོག་པའི་བཀའ་འཁྲོལ་སྤྲད་”པ་དང་གཉིས་སུ་མེད། དེས་ན། མའོ་ཙེ་ཏུང་གི་ཤོད་ཚུལ་གཅིག་འདིར་ལུང་དྲངས་ཏེ་མཇུག་བསྡོམས་ཤིག་རྒྱབ་རྒྱུར། ད་ལྟའི་རྒྱ་ནག་གུང་ཁྲན་ཏང་ནི་མི་རིགས་ཉམས་ཞན་དུ་གཏོང་བ་དང་། རྒྱལ་ཁབ་ཡར་རྒྱས་གཏོང་རྒྱུར་འགོག་རྐྱེན་བཟོ་མཁན་གྱི་ཉེས་གསོག་རུ་ཚོགས་ཤིག་རེད། དེར་བརྟེན་དམངས་དང་རྒྱལ་ཁབ་སྐྱོབ་པའི་དགོས་ངེས་ཀྱི་ཐབས་ལམ་དེ་ནི། དངོས་བདེན་གྱི་ལྷ་མེད་སྨྲ་བ་ཞིག་ཡིན་ན། ཉེས་གསོག་རུ་ཚོགས་དེར་ངོ་རྒོལ་མ་བྱས་པ་ག་ལ་སྲིད། ཡང་དངོས་བདེན་གྱི་ལྷ་ཡོད་སྨྲ་བ་ཞིག་ཡིན་ཕྱིར་དེ་བས་ཉེས་གསོག་རུ་ཚོགས་དེར་ངོ་རྒོལ་མི་བྱེད་པ་ཡོང་སྲིད་དམ།
གནས་ཚུལ་འབྱུང་ཁོངས།   (boxun.com)2015,3,17

Share with your friends










Submit