༢༠༡༥ ཟླ་ ༤ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་དང་། རྒྱ་གར་བྱང་ཤར་ས་ཁུལ། འབྲུག་ཡུལ། བོད་ཀྱི་ས་ཁུལ་ཁག་གཅིག་བཅས་ལ་ས་ཡོམ་ཤུགས་ཚད་ (7.9) བརྒྱབ་ནས་མི་རྒྱུར་གནོད་སྐྱོན་ཚབས་ཆེན་ཕོག་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ས་ཡོམ་གྱི་གོད་ཆག་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ།
དེ་བཞིན་མི་མང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་གོང་གསལ་ས་ཡོམ་གྱི་གནོད་འཚེ་འོག་རྐྱེན་འདས་སུ་ཕྱིན་པ་དང་རྨས་སྐྱོན་ཕོག་པ་རྣམས་ཀྱི་ཆེད་བསྔོ་སྨོན་དང་གསོལ་འདེབས་སྨིན་རྒྱས་ཤིག་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཡོད།