༢༠༡༥ ཟླ་ ༤ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༦ ཉིན་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་རྒན་གྱ་རིན་ཆེན་སྡེ་བའི་བསོད་ནམས་རྒྱ་མཚོ་ལགས་དང་། སངས་རྒྱས་མཁར་ལགས་གཉིས་རྒྱ་གཞུང་གིས་དོ་དམ་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཚེས་ ༢༨ ཉིན་སླར་ཡང་སྡེ་མི་ ༤ རྫོང་སྲིད་གཞུང་ལ་ཡོང་དགོས་པའི་ལན་འབྱོར་ཡོད་སྟབས། མང་ཚོགས་ཚོས་ཁོང་ཅག་ཀྱང་དོ་དམ་བྱ་སྲིད་པར་སེམས་འཚབ་བྱེད་བཞིན་ཡོད་འདུག
གནས་ཚུལ་འདིའི་བྱུང་རྩ་ནི། ཟླ་བ་འདིའི་ཚེས་ཤར་ཙམ་ནས་ཀན་སུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་རིན་ཆེན་རང་བྱུང་གྲོང་ཚོའི་རྩྭ་ཐང་ཐོག་སྤྱི་ལེ་ ༢ ཅན་གྱི་གཞུང་ལམ་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་དེས་ས་གནས་མང་ཚོགས་ཀྱི་རྩ་ཐང་རྒྱ་ཁྱོན་ཉུང་དུ་འགྲོ་རྒྱུའི་རྐྱེན་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བར་དོ་ཕོག་ཡོང་རྒྱུའི་དཀའ་ངལ་ས་གནས་དཔོན་རིགས་ལ་ཞུ་གཏུགས་བྱས་ཀྱང་ཡ་ལན་མ་བྱས་སྟབས། གོང་ཞུ་བྱེད་རྩིས་བྱས་པར་ཁོང་རྣམས་དོ་དམ་བཟུང་བྱས་འདུག
རྩ་བའི་ས་གནས་དེར་འབྲོག་པའི་འཚོ་བ་སྐྱེལ་ནས་སྡོད་མཁན་ཁྱིམ་ཚང་ ༡༣༢ དང་མི་གྲངས་ ༦༨༩ ཡོད་ཅིང་རྩ་ཐང་གི་རྒྱ་ཁྱོན་ནམ་རྒྱུན་ནས་ཆེན་པོ་མེད་ཁར་སྲིད་གཞུང་ནས་སྤྱི་ལེ་ ༢ ཅན་གྱི་གཞུང་ལམ་རྒྱག་བཞིན་ཡོད་སྟབས། གྲོང་ཚོའི་རྩ་ཐང་ཨེ་ཀར་ ༦།༧ ཙམ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་འདུག གཞུང་ལམ་རྒྱག་སའི་གཡས་གཡོན་དུ་ཁྱིམ་ཚམ་ ༥༠ ཙམ་གནས་སྡོད་བྱེད་བཞིན་ཡོད།
གྲོང་ཚོའི་མང་ཚོགས་ཐུན་མོང་ནས་ཕུལ་བའི་དོན་ཚན་ ༧ ཅན་འཁོད་པའི་རེ་འདུན་སྙན་ཞུའི་ནང་འཁོད་དོན།
༡། གྲོང་ཚོའི་མི་མང་ཚོར་འཚོ་བའི་འགན་སྲུང་ཆེད་གུན་གསབ་སྤྲོད་དགོས་པ།
༢།ཅི་སྟེ་གཞུང་ལམ་མ་བཟོ་ཐབས་མེད་ཡིན་ན། གཞུང་ལམ་དེ་ཟམ་པའི་ངོ་བོར་བཟོས་ན་རྩ་ཐང་ལ་དོ་ཕོག་མི་འགྲོ་ཞིང་། མི་ཕྱུགས་གཉིས་ལའང་བརྡབ་གསིག་མི་ཡོང་།
༣།སྡེ་པའི་ཁྱིམ་ཚང་ཡོངས་ལ་རང་འབབ་ཆུའི་མཐུན་རྐྱེན་བསྐྲུན་དགོས་པ།
༤། ལམ་བཟོའི་གནོད་སྐྱོན་ཐེབས་ཡུལ་ཁྱིམ་ཚང་ ༥༠ ལ་སྡོད་ཁང་བསྐྱར་གསོའི་རོགས་དངུལ་སྤྲོད་དགོས་པ།
༥། སྡེ་པའི་ནང་མ་ཎི་འཁོར་ལོ་གཅིག་གསར་བཞེངས་བྱེད་དགོས་པ།
༦། སྡེ་པའི་ཁྱིམ་ཚང་ཡོངས་ལ་ཟོག་ལུག་འཇུག་སའི་རྭ་བ་བསྐྲུན་དགོས་པ།
༧། ད་ལྟའི་གྲོང་ཚོའི་གཞུང་ལམ་སྤུས་ཚད་ལྡན་པ་ཞིག་བཟོ་དགོས་པ་དང་། རླང་འཁོར་དང་མི་ལ་བརྡ་སྐྱོན་མི་ཡོང་སླད་གཞུང་ལམ་སྟེང་འགྲིམ་འགྲུལ་མགྱོགས་ཚད་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་པ་ཞེས་འཁོད་འདུག
ས་གནས་མང་ཚོགས་ནས་མུ་མཐུད་རེ་འབོད་བྱེད་བཞིན་པ་དང་། ད་ལྟའི་ཆར་འཛིན་བཟུང་དོ་དམ་བྱས་པའི་མི་གཉིས་པོ་གློད་བཀྲོལ་ཐོབ་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མིན་འདུག