༄༅། །ཕྱི་ལོ་ ༢༠༡༥ ལོའི་འཛམ་གླིང་འདར་ཚད་ཉིན་མོའི་བརྗོད་གཞི་ནི། མ་འོངས་པར་མ་འཇོག་བྱས་ཏེ་འདར་ཚད་ཕམ་ཉེས་ཐོངས། ཞེས་པ་འདི་ཡིན། འདར་ཚད་ནི་འཛམ་གླིང་གི་ཚ་ཡུལ་དང་ཉེ་བའི་ཚ་ཡུལ་གྱི་ས་ཁུལ་དུ་རྒྱུན་གནས་སུ་མཐོང་རྒྱུ་ཡོད་པའི་ཚབས་ཆེའི་ནད་གཞི་ཞིག་ཡིན། དེ་ནི་ས་ཁུལ་དེ་དག་ཏུ་ཆར་ཞོད་ཆེ་ཞིང་རྒྱུན་དུ་བཞའ་ཚན་དང་དྲོད་ཚད་ཆེ་བ་ཙམ་དུ་མ་ཟད། དུག་སྦྲང་འཕེལ་སླ་བའི་འཁྱིལ་ཆུ་ཡང་མང་བ་དེའི་རྐྱེན་པས་དུག་སྦྲང་དེ་དག་སྐྱེད་སྤེལ་བྱེད་པའི་ཁོར་ཡུག་བསྐྲུན་པ་སོགས་ལས་བྱུང་བ་ཡིན། འདར་ཚད་ནི་གྲོང་ཁྱེར་ལས་ཀྱང་གྲོང་གསེབ་ས་ཁུལ་དུ་རྒྱུན་ལྡན་ཆེ་བ་གྱུར་ཡོད། ད་ལྟའི་ཆར་ང་ཚོར་འདར་ཚད་ནད་གཞིའི་སྔོན་འགོག་དང་བཅོས་ཐབས་བྱ་རྒྱུར་ལག་ཆ་ཚད་ལྡན་ཞིག་ཡོད་མོད། དེ་ལྟ་ནའང་ལག་ཆ་དེ་དག་དངོས་ཡོད་དགོས་མཁོ་ཡོད་རིགས་ལ་མཁོ་སྤྲོད་བྱ་རྒྱུ་དང༌། འཐོན་བཞིན་པའི་མྱོས་རྫས་དང་འབུ་དུག་འགོག་གཤིས་ལ་གདོང་ལེན་བྱེད་ཕྱིར་མ་དངུལ་བརྒྱུད་སྤྲོད་བྱ་རྒྱུར་དཀའ་ངལ་ཞིག་འབྱུང་བཞིན་ཡོད།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༣ ལོར་འདར་ཚད་ཀྱི་ནད་གཞིས་ཟིན་པ་མི་གྲངས་ས་ཡ་ ༡༩༨ ཙམ་དང༌། ནད་གཞི་དེའི་རྐྱེན་པས་མི་གྲངས་ ༥༨༤༠༠༠ ཙམ་འདས་གྲོངས་སུ་གྱུར་པ་ཚོད་དཔག་བྱེད་ཀྱི་ཡོད། ནད་གཞི་འདི་ཕལ་མོ་ཆེ་བརྒྱ་ཆ་ ༦༥ལོ་བཅོ་ལྔ་མན་གྱི་ཕྲུ་གུ་ཚོར་འབྱུང་བཞིན་ཡོད། འདར་ཚད་ཀྱི་ནད་གཞིས་རྐྱེན་པས་ལོ་རེར་བྱིས་པ་གྲངས་ ༢༠༠༠༠༠ ཙམ་འདས་གྲོངས་སུ་གྱུར་པ་ཚོད་རྩིས་བྱེད་ཀྱི་ཡོད། རྒྱ་གར་ནི་འདར་ཚད་ཀྱི་ནད་གཞི་ཁྱབ་ཆེ་བའི་ཡུལ་ལུང་ཞིག་ཡིན་པ་དང༌། ལོ་ལྟར་འདར་ཚད་ཀྱི་ནད་གཞིས་ཟིན་པ་མི་གྲངས་ས་ཡ་ ༢ ཙམ་དང༌། མི་གྲངས་ ༡༠༠༠ འདས་གྲོངས་སུ་གྱུར་གྱི་ཡོད་སྐོར་འཁོད་ཡོད། ལྷོ་ཤར་ཨེ་ཤི་ཡའི་ཁྱོན་ཡོངས་ཀྱི་འདར་ཚད་ཀྱི་ནད་གཞིའི་བརྒྱ་ཆ་ ༧༧ ནི་རྒྱ་གར་ནང་དུ་ཡོད་རེད།
༢༠༡༤ ལོའི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོའི་ལས་གཞི་ནང༌། རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་བདུན་གྱི་འཕྲོད་བསྟེན་ཡན་ལག་སྨན་ཁང་ནས་འདར་ཚད་ཀྱི་ནད་གཞིའི་དོན་རྐྱེན་འབྱུང་ཡོད་པའི་སྙན་སེང་ཞུས་འབྱོར་བྱུང་ཡོད། གོང་གསལ་གྱི་གཞིས་ཆགས་ཁག་བདུན་ནི། ཨོ་རི་ས་ཕུན་ཚོགས་གླིང་དང༌། མན་སྤར་ཕན་བདེ་གླིང༌། མེའོ་ཆོས་འཕེལ་གླིང༌། ཏེ་ཛུ་དར་རྒྱས་གླིང༌། མོན་གྷོ་འདོད་རྒུ་གླིང༌། དིལླི་བསམ་ཡས་གླིང༌། སྦེལ་ཀོབ་གཞིས་ཆགས་བཅས་ཆགས་ཡོད། བོད་མིའི་གཞིས་སྒར་ཆགས་ས་རྒྱ་གར་གྱི་མངའ་སྡེ་ཨོ་རི་ས་དང༌། མ་དྷཡ་པྲདེཤ། ཀར་ན་ཊཀ། བྱང་ཤར་མངའ་སྡེ་ཁག་ནི་རྒྱ་གར་ནང་གི་འདར་ཚད་ཀྱི་ནད་གཞི་ཁྱབ་ཤུགས་ཆེ་ཤོས་ཡིན། རྒྱལ་ཁབ་ཁྱོན་ཡོངས་ཀྱི་འདར་ཚད་ཀྱི་ནད་གཞིའི་བརྒྱ་ཆ་ ༩༠ ནི་མངའ་སྡེ་དེ་དག་ནང་འབྱུང་བཞིན་ཡོད། ཕྱི་ལོ་ ༢༠༡༣ ལོར་བོད་མི་གཞིས་ཆགས་འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་ནས་འདར་ཚད་ཀྱི་ནད་གཞིས་ཟིན་པ་ཁྱོན་བསྡོམས་མི་གྲངས་ ༢༡༤ སྙན་སེང་ཞུ་འབྱོར་བྱུང་ཡོད་པ་ནས་ཨོ་རི་ས་གཞིས་ཆགས་གཅིག་པུའི་ནང་མི་གྲངས་ ༡༡༩ ནད་གཞི་དེ་ཕོག་ཡོད། དེ་བཞིན་ ༢༠༡༤ ལོར་བོད་མིའི་གཞིས་ཆགས་འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་ནས་འདར་ཚད་ཀྱི་ནད་གཞིས་ཟིན་པ་ཁྱོན་བསྡོམས་མི་གྲངས་ ༡༩༧ སྙན་སེང་ཞུ་འབྱོར་བྱུང་བའི་ཁོངས་ནས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་གཅིག་པུའི་ནང་འདར་ཚད་ཀྱི་ནད་གཞིས་ཟིན་པ་མི་གྲངས་ ༡༧༠ བྱུང་ཡོད།
ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་འདར་ཚད་ཀྱི་ནད་གཞི་ནི་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་ཤོས་ཤིག་ཏུ་གཟིགས་ཏེ། ཨ་རིའི་ཇོ་ཧན་ཧོབ་ཀིན་གཙུག་ལག་སློབ་གཉེར་ཁང་དང་མཉམ་རུབ་ཀྱི་ཐོག་ནས་ཕྱི་ལོ་ ༢༠༡༣ ལོར་དགོས་གལ་ཅན་གྱི་བརྟག་དཔྱད་ཞིབ་འཇུག་བྱས་ཡོད། སྐབས་འདིར་མང་ཚོགས་ཁྲོད་ནད་གཞིའི་སྔོན་འགོག་ཐབས་ལམ་དང་བཅོས་ཐབས་གདམ་ཀའི་ཐད་གོ་རྟོགས་ཡག་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། འོན་ཀྱང་མང་ཚོགས་ལ་རང་ངོས་ནས་འདར་ཚད་ཀྱི་ནད་གཞི་སྔོན་འགོག་བྱ་རྒྱུར་མཁོ་བའི་ལག་ཆ་ཐོབ་ཐབས་ལམ་བུ་ཞིག་མེད་པ་གྱུར་ཡོད། དེར་བརྟེན་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༤ བར་གཙོ་བོ་ཨོ་རི་ས་གཞིས་ཆགས་དང༌། དེ་ནས་རིམ་པས་མན་སྤར་དང༌། མེའོ། ཏེ་ཛུ། ཀྲུ་ཀྲིང༌། བྷན་རྡ་ར་བཅས་ལ་དམིགས་ཏེ་འདར་ཚད་འགོག་སྡོམ་ལས་འཆར་ཞིག་སྤེལ་ཡོད། ལས་འཆར་འདི་ནི་ནོར་ཝེ་རོགས་ཚོགས་ཀྱིས་རོགས་དངུལ་མཐུན་འགྱུར་གནང་བ་ཞིག་ཡིན། ལས་འཆར་འདིའི་ཁེ་ཕན་ཐོབ་མི་གཙོ་བོ་རྣམས་ནི་ཉམ་ཐག་ཅན་གྱི་གཞིས་ཆགས་ཀྱི་མི་མང་སྤྱི་དང༌། སློབ་ཕྲུག རྒས་འཁོགས་བཅས་ཡིན་ཞིང༌། དེའི་དམིགས་ཡུལ་ནི་འདར་ཚད་ཀྱི་ནད་གཞིའི་དཀའ་ངལ་ཉུང་དུ་གཏོང་ཆེད་དུ་ཡིན། དུག་སྦྲང་གི་གནོད་འཚེ་འགོག་ཆེད་དུ་རྒས་གསོ་ཁང་དང༌། མི་ཚང་ཉམ་ཐག དེ་བཞིན་སློབ་ཕྲུག་བཅས་ལ་འབུ་དུག་བཏབ་པའི་ཉལ་གུར་སོགས་ཀྱི་ཆ་རྐྱེན་རིན་མེད་ཐོག་བགོ་འགྲེམས་དང༌། དེ་མིན་མང་ཚོགས་རྣམས་ལ་ཉལ་གུར་བརྒྱ་ཆ་ ༥༠ ཆག་ཡང་ཐོག་ཚོང་འགྲེམས་བྱས་ཡོད།
དེ་དང་ཕྱོགས་མཚུངས་འཕྲོད་ལས་པ་རྣམས་ཀྱིས་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་དུ་ནད་གཞིའི་སྔོན་འགོག་དང༌། སྐབས་ཐོབ་ཀྱི་ཕན་ནུས་ལྡན་པའི་བཅོས་ཐབས་དང་འབྲེལ་བའི་ཐད་འཕྲོད་བསྟེན་སློབ་གསོ་ཟབ་རྒྱས་སྤྲད་ཡོད། དེ་བཞིན་མང་ཚོགས་ནས་འདར་ཚད་ཀྱི་ནད་གཞིའི་ཐོག་གོ་རྟོགས་དང་ཉེན་སྲུང་ཐུབ་ཆེད་དུ་རྒྱ་ཁྱབ་ཆེ་བའི་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད། ནོར་ཝེ་རོགས་ཚོགས་ཀྱིས་རོགས་དངུལ་མཐུན་འགྱུར་གནང་བར་འདི་གའི་ལས་ཁུངས་ནས་བཀའ་དྲིན་སྙིང་བཅང་ཞུ་བཞིན་ཡོད་ལ། སླད་ཕྱིན་ཀྱང་ནོར་ཝེ་རོགས་ཚོགས་དང་ལྷན་དུ་གནས་ཏེ་ཕན་བདེ་བསྐྲུན་པའི་བྱ་གཞག་གི་འབྲེལ་ལམ་སྔར་ལས་ལྷག་པའི་སྲ་བརྟན་དུ་གྱུར་ཏེ་འབྱུང་འགྱུར་བོད་མིའི་གཞིས་ཆགས་ཁག་ནང་འདར་ཚད་ཀྱི་དཀའ་ངལ་གདོང་ལེན་བྱ་ཕྱོགས་ཀྱི་ནུས་པ་ཆེར་སྐྱེད་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
ལོ་ངོ་དེ་དག་རིང་འདི་ག་ལྷན་ཁང་དུ་འཕྲད་པའི་དཀའ་ངལ་གདོང་ལེན་བྱེད་དགོས་པ་ནི། འདར་ཚད་ཁྱབ་ཤུགས་ཆེ་བའི་བོད་མིའི་གཞིས་ཆགས་ཁག་ནང་འདར་ཚད་ལ་གདོང་ལེན་བྱ་རྒྱུ་དེ་ཡིན་པ་རེད། སྔོན་འགོག་བྱེད་ཐབས་ཐད་གཞི་རྒྱ་ཆེ་བའི་འཕྲོད་བསྟེན་སློབ་གསོ་ཞིག་སྤེལ་བར་མ་ལྟོས་པར་ལོ་ལྟར་འདར་ཚད་ཀྱི་ནད་གཞི་ཕོག་པའི་ཁ་གྲངས་མང་པོ་ཞིག་སྙན་སེང་ཞུ་འབྱོར་འབྱུང་བཞིན་ཡོད་པས། དེས་ང་ཚོས་མ་འོངས་པར་མ་འཇོག་མང་ཙམ་བྱས་ཏེ་འདར་ཚད་ཕམ་ཉེས་སུ་གཏོང་དགོས་པ་བསྟན་ཡོད་ཞུ་རྒྱུ་བཅས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ལ།།