༢༠༡༥ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་རྡ་ས་མེག་གྷན་ནོར་བུའི་མགྲོན་ཁང་དུ་བོད་མིའི་ཚོང་ལས་སྡེ་ཚོགས་བཙུགས་ནས་ལོ་ངོ་ ༡༠ འཁོར་བའི་དུས་དྲན་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཟླ་བ་རིན་ཆེན་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཆོད་མེ་ཞལ་ཕྱེ་གནང་བསྟུན། ཚོགས་བཅར་བ་ཡོངས་ཀྱིས་བོད་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས། མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་རྗེས་གསོལ་ཇ་འབྲས་བསིལ་ཕུལ། དེ་ནས་བོད་མིའི་ཚོང་ལས་སྡེ་ཚོགས་བཙུགས་ནས་མི་ལོ་ ༡༠ འཁོར་བའི་དཔེ་དེབ་གཅིག་དང་ལོ་ཐོ་གཅིག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་ཚོང་ལས་སྡེ་ཚོགས་ནང་ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༥ བར་ལོ་བཅུའི་རིང་ཚོགས་མི་གནང་མཁན་རྣམས་ལ་ཕྱགས་འཁྱེར་གནང་བ་དང་སྦྲགས། འདྲ་པར་ལྷན་དུ་བསྒྲོན། དེ་ནས་བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དངོས་གྲུབ་ལགས་ཀྱིས་གསུང་བཤད་གནང་རྗེས་དྲུང་ཡིག་ཚེ་རིང་རྡོ་རྗེ་ལགས་ཀྱིས་ལས་བསྡོམས་སྒྲོགས་སྦྱང་ཞུས། དེ་རྗེས་འཇམ་དབྱངས་རྒྱ་རི་ལགས་ཀྱིས་དཔལ་འབྱོར་གྱི་གནས་བབ་དང་འབྲེལ་སྙན་ཐོ་སྒྲོགས་སྦྱང་ཞུས་གྲུབ་མཚམས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།
དེ་རྗེས་སྐལ་བཟང་དངོས་གྲུབ་(Kesang Ngurup Damo)ལགས་ཀྱིས་གསུང་བཤད་གནང་། དེ་ནས་ནང་སྲིད་བཀའ་བློན་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན།
ཚོང་ལས་སྡེ་ཚོགས་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུས་ཏེ་ལྷན་ཁང་ནང་དུའང་བཀའ་བསྡུར་རིམ་པ་བྱུང་ཡོད། གང་ཡིན་ཞེ་ན། ཚོང་ལས་དང་འཚོ་བ་གཉིས་འབྲེལ་བ་ཆེན་པོ་ཡོད། ནང་སྲིད་ལས་ཁུངས་ཀྱི་ལས་འགན་ནང་ནས་ལས་དོན་གལ་ཆེ་བ་གཅིག་བོད་མིའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། བཙན་བྱོལ་ནང་ལྷག་པར་རྒྱ་གར་ནང་གཟིགས་ན་གཞིས་ཆགས་ཆེ་ཁག་དེ་དག་སོ་ནམ་གཞིས་ཆགས་ཁག་ཆགས་ཡོད། སོ་ནམ་གཞིས་ཆགས་ཁག་གི་སོ་ནམ་པའི་ལས་དོན་དང་མཉམ་སྦྲེལ། བཟོ་གཞི་ཁག་གི་ལས་དོན་དེ་དག་ནང་སྲིད་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད།
དེ་བཞིན་བཙན་བྱོལ་ནང་འཚོ་ཐབས་ཀྱི་ཡུལ་གཙོ་བོ་དེ་སུད་ཚོང་ཆགས་ཡོད། སུད་ཚོང་བ་ས་གནས་གང་འདྲ་ཞིག་ལ་ཡོད་ནའང་གཙོ་ཆེ་ཤོས་དེ་རང་ཁ་རང་གསོ་བྱས་ཏེ་ནང་ཁུལ་འོས་འདེམས་བྱས་ཏེ་རྒྱུན་ལས་བསྐོ་གཞག་དང་བཀའ་འཁྲོལ་ཞུ་རྒྱུ་སོགས་གནང་ཐུབ་པ་ཞིག་ཡོང་བཞིན་འདུག འོན་ཀྱང་དཀའ་ངལ་ཆེ་ས་འཕྲད་སྐབས་ཐད་ཀར་འབྲེལ་བ་ཡོད་པའི་ལྷན་ཁང་དེ་ནང་སྲིད་ལས་ཁུངས་དང་ས་གནས་འགོ་འཛིན་ཆགས་ཀྱི་ཡོད། རྒྱ་གར་གཞུང་གིས་དགོངས་པ་ཆེ་བཞེས་ཀྱིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཤིག་གཏན་འབེབས་བྱས་ཡོད། དེར་བརྟེན་དེ་རིང་འདིར་ཡོད་པའི་ཚོང་པ་རྣམ་པ་དང་བོད་མི་སྤྱི་ཡོངས་ནས་གནས་སྟངས་འགྱུར་འགྲོས་འདིར་དཔག་པའི་དགོངས་པ་བཞེས་རོགས་གནང་ཞུ་འདོད་བྱུང་།ཞེས་གསུང་བཤད་གནང་གྲུབ་བསྟུན།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་རྣམ་པ་ཚོས་འགན་འཛིན་ལྷན་ཚོགས་ཐེངས་བཅུ་པ་དེ་ཚོགས་གནང་ཡོད། དེ་སྔོན་རྡ་སར་ཚོགས་པའི་སྐབས་མང་ཆེ་བ་ཞིག་ང་རང་བཅར་རྒྱུའི་གོ་སྐབས་བྱུང་ཡོད། རྣམ་པ་ཚོ་དང་རྒྱུན་དུ་ནས་འབྲེལ་བ་ཡོད་པ་ཞིག་ཡིན། ལྷག་པར་ཚོང་པ་སྒེར་སོ་སོའི་ཐོག་ནས་ཀྱང་ང་རང་སྒེར་དང་ནམ་རྒྱུན་ནས་བཀའ་མོལ་ཡོང་བཞིན་ཡོད།
དེར་བརྟེན་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། རྣམ་པ་ཚོས་འདས་པའི་ལོ་ངོ་བཅུ་རིང་བོད་པའི་ཚོང་ལས་སྡེ་ཚོགས་འདི་བཙུགས་པ་ནས་བཟུང་མུ་མཐུད་ནས་འགན་འཁྱེར་ཡོད་ཅིང་། ད་དུང་ཡང་མུ་མཐུད་ནས་དེའི་སྒང་དང་མཉམ་ཞུགས་བྱེད་རྒྱུ་དེས་གང་སྟོན་གྱི་ཡོད་ཅེས་བརྗོད་ན། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་དེའི་ནང་ནས་དཔལ་འབྱོར་ལས་ཁུངས་ཀྱི་འགན་འཁྱེར་བའི་ཐོག་ནས་བོད་མིའི་ཚོང་ལས་སྡེ་ཚོགས་ཐོག་མ་འཛུགས་རྒྱུའི་འཆར་གཞི་དང་། དེ་ནས་རྣམ་པ་ཚོ་རང་གི་རང་རྐྱ་འཕེར་བ་བྱས་ནས་འགྲོ་བཞིན་ཡོད། རྩ་བའི་ཁྱེད་རང་ཚོ་ཚོང་ལས་སྡེ་ཚོགས་རེད། འོན་ཀྱང་ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་དབང་གིས་ཚོང་ཁོ་ན་མིན་པར་གནད་དོན་མང་པོ་ཞིག་ལ་རང་བཞིན་གྱི་འབྲེལ་བ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། མཐར་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ།
་