༢༠༡༥ ཟླ་ ༤ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱས་ལགས་དང་ལྷན་ནང་སྲིད་དྲུང་གཞོན་དོན་གྲུབ་ཚེ་རིང་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༣ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༤ ཕྱི་དྲོ་སྦེལ་ཀོབ་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་དང་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་སྦེལ་ཀོབ་བདེ་སླར་ཁྱབ་ཁོངས་ཅ་ཀུར་གཞིས་ཆགས་ཀྱི་གཞིས་གྲོང་གཉིས་སུ་འཚམས་གཟིགས་ཀྱིས་མང་ཚོགས་འདུ་འཛོམས་ཐོག་སྐབས་ ༡༤ པའི་བཀའ་ཤག་གི་ལྟ་གྲུབ་སྲིད་བྱུས་དགོངས་དོན་ཁག་གསལ་བཤད་དང་འབྲེལ་གསུང་བཤད་གནང་དོན། སྤྱིར་འདས་པའི་ལོ་ ༥༠ ལྷག་ཙམ་རིང་བཙན་བྱོལ་དུ་བོད་མིའི་གཞིས་ཁག་ནང་བོད་མི་ཁྱད་ཆོས་རྩ་བརླག་ཏུ་མ་ཕྱིན་པ་སོར་གནས་ཐུབ་པ་ནི་ྋགོང་ས་མཆོག་གི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན་པ་དང་། ཡང་སྒོས་གཞུང་གི་སྒྲིག་འཛུགས་སྲ་བརྟན་ཞིག་ཡོད་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། ཐོག་མ་གཞིས་ཆགས་ཚུགས་པའི་སྐབས་བོད་ལ་མྱུར་དུ་ལོག་རྒྱུའི་འདུན་པ་དང་ཆོད་སེམས་ཀྱི་ཕུགས་ཕན་གྱི་འཆར་གཞིའི་ཐོག་ནུས་ཤུགས་དེ་ཙམ་སྒྲིལ་ཐུབ་མེད་པ་དང་སྐབས་དེ་དུས་ཕུགས་ཕན་གྱི་འཆར་གཞིའི་ཐོག་འབད་བརྩོན་ལག་བསྟར་གང་ཙམ་གནང་ཡོད་ན་ད་ལྟའི་གནས་སྟངས་ལས་ཚགས་ཚུད་པ་དང་རྒྱུན་གནས་ཐུབ་པ་ཞིག་ཡོང་རྒྱུ་རེད།
བོད་མིའི་གཞིས་ཆགས་དང་སོ་ནམ་ལས་དོན་དེ་དག་སྲ་བརྟན་ཐུབ་ཐབས་དང་སོ་ནམ་ལས་དོན་མུ་མཐུད་རྒྱུན་སྐྱོང་ཐུབ་ཐབས་ཀྱི་ལས་འཆར་གསར་གཏོད་བྱ་དགོས་པ་དེ་ཡང་ད་ལྟ་དང་མ་འོངས་ཀྱི་དགོས་མཁོ་ལ་དཔག་པས་འཆར་གཞི་བཟོ་བསྐྲུན་གྱིས་ལག་བསྟར་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་སྔ་རྗེས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་སུ་འབྲེལ་གཏུགས་རིམ་ཞུས་ཀྱི་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིས་བྱུས་ ༢༠༡༤ Tibetan Rehabilitation Policy 2014 ཞེས་པ་དེ་དངོས་སུ་ཁྲིམས་མཐུན་གྱི་ལེགས་བཅོས་བསྐྱར་བཟོ་གནང་ནས་ད་ཆ་ཁྲིམས་མཐུན་ནང་དོན་ཁག་བོད་བསྒྱུར་གྱི་དེབ་གཟུགས་ངོ་བོའི་ཐོག་དཔར་བསྐྲུན་ཞུས་ཏེ་རིང་མིན་ས་གནས་འགོ་འཛིན་བརྒྱུད་དེ་གཞིས་ཆགས་སོ་སོར་ཁོངས་གཏོང་བྱེད་རྒྱུ་སོང༌། རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་གསར་པ་དེའི་གོ་དོན་རྣམས་རྟོགས་པའིཐོག་འབྲེལ་ཡོད་མངའ་གཞུང་ལ་འབྲེལ་གཏུགས་ཀྱིས་མཐུན་རྐྱེན་ཞུ་ལེན་ཐུབ་ཐབས་ཀྱི་ལམ་སྟོན་གཞིར་བཟུང་སྤྱི་སྒེར་ཚང་མས་མཐུན་རྐྱེན་ཞུ་ལེན་ཐུབ་ཐབས་ལ་འབད་བརྩོན་གནང་གལ་ཆེ། དེ་བཞིན་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་ལོ་གཅིག་རིང་ཨི་སི་རལ་གྱི་སོ་ནམ་ཁྱད་ལས་པའི་ལམ་སྟོན་འོག་སོ་ནམ་གཞིས་ཁག་གི་སོ་ནམ་སློབ་སྟོན་པ་རྣམས་ལ་དེང་དུས་དང་མཐུན་པའི་སོ་ནམ་ཡར་རྒྱས་ལས་དོན་ཐོག་གཟབ་སྦྱོང་རྒྱས་པ་ཞིག་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་ཞུ་དགོས་པའི་དགོས་པ་དང་དམིགས་ཡུལ་གཙོ་བོ་ནི་གཟབ་སྦྱོང་འདིའི་བརྒྱུད་རིམ་ཐོག་ནས་སོ་ནམ་གཞིས་ཁག་གི་ལས་དོན་རྣམས་ཚགས་ཚུད་དང་ཡར་རྒྱས་གཏོང་ཐུབ་པའི་རེ་བ་ཆེན་པོ་ཡོད།
ནང་སྲིད་ལས་ཁུངས་ནས་སོ་ནམ་ཡར་རྒྱས་ཀྱི་ལས་འཆར་ལ་སྨིན་པས་སོ་ནམ་བུན་གཏོང་གི་ལས་འཆར་ཞིག་དེ་སྔ་ནས་གསར་གཏོད་མཐུན་རྐྱེན་བསྐྲུན་ཡོད་པར་བརྟེན། སོ་ནམ་ཞིང་པ་སྤྱི་སྒེར་སུ་ནས་སོ་ནམ་བུན་གཏོང་དེ་དག་ཞུ་ལེན་ཕུགས་ཕན་གྱི་ལས་གཞིའི་ཐོག་ལོངས་སྤྱོད་ཞུ་ཐབས་དགོས་གལ་ཆེ། དེ་བཞིན་ནང་སྲིད་ལས་ཁུངས་ནས་རྒྱ་གར་ཚོང་ཤག་ཚད་ལྡན་ཁག་དང་འབྲེལ་གཏུགས་ཀྱིས་གཞིས་ཆགས་ནང་རྒྱུན་གཏན་གྱི་སྟོན་ཐོག་ཁོ་ན་མ་ཡིན་པ་ཡོང་འབབ་ཆེ་བའི་སྟོན་ཐོག་དཔེར་ན་ཤིང་འབྲས་འདེབ་འཛུགས་ཀྱི་འཆར་གཞིའི་ཐོག་བསམ་ཞིབ་དང་གྲོས་བསྡུར་ཞུ་མུས་སོང་དངོས་བསྒྱུར་བྱུང་མཚམས་མང་ཚོགས་སུ་གསལ་བསྒྲགས་ཞུ་རྒྱུ་ཡིན། གང་ལྟར་ནང་སྲིད་ལས་ཁུངས་ནས་གཞིས་ཆགས་སྤྱིའི་གནས་སྟངས་ཚགས་ཚུད་དང་གོང་སྤེལ་ཡོང་རེ་ཆེད་ཐུགས་ཕན་ལས་འཆར་གང་མང་སྤེལ་ཐབས་ཞུ་བཞིན་ཡོད། དེ་རྗེས་མང་ཚོགས་ནས་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་སྟེ་ཚོགས་འདུ་གྲོལ།
གོང་ཚེས་ཉིན་གྱི་ཕྱེད་ཡོལ་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་སྦེལ་ཀོབ་ས་གནས་ཐུན་མོང་གི་གོ་སྒྲིག་ཐོག་གནས་ཡུལ་ཀ་ན་ཀྲ་ཀའི་མངའ་གཞུང་ལ་སྔ་རྗེས་རེ་སྐུལ་ཞུས་འབྲས་སུ་མ་འོངས་ཕུགས་ཕན་གྱི་ Cavery drinking water project འཐུང་ཆུའི་ལས་གཞིའི་ལས་དོན་འགོ་འཛུགས་ཟིན་པའི་ཆུ་འགོ་དང་འཐུང་ཆུ་འདྲེན་གཏོང་གི་ལྕགས་མདོང་འཁྲིད་ས་དང་། དོང་བྲུས་ས། འཐུང་ཆུ་གཙང་སེལ་བཟོ་སའི་ལས་གཞིའི་ཁག་ལ་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས་དང་ལྷན་ཐུགས་ཞིབ་གནང༌། དེ་རྗེས་བདེ་སླར་གཞིས་གྲོང་ ༡༠།༡༡།༡༢ ཞིང་སའི་མཐའ་མཚམས་སུ་གླང་ཆེན་གྱི་གནོད་འཚེ་ཡོད་སའི་ས་མཚམས་སུ་དབུས་ས་གཉིས་ནས་སྔ་རྗེས་རེ་སྐུལ་ཞུས་དོན་ལྟར་གླང་ཆེན་གྱི་སྟོན་ཐོག་ལ་གནོད་འཚེ་མི་འབྱུང་བའི་ཆེད་ས་དོང་ཕུ་ཌི་ ༡༥ ལྷག་ཙམ་གཏིང་ས་བྲུས་ཡོད་པ་དེ་ཡང་ཀི་ལོ་མི་ཌར་ ༡ དང་ཕྱེད་ཀ་ཙམ་བྲུ་རྒྱུའི་ལས་འཆར་འགོ་འཛུགས་ཟིན་པ་ལ་གཟིགས་ཞིབ་གནང༌། དེ་རྗེས་བགྲེས་ཤག་གསར་རྒྱག་གི་ཨར་པོའི་ལས་འཆར་དང་འབྲེལ་བའི་འབྲེལ་ཡོད་ཨར་ལས་འཆར་འགོད་པ་དང་ལྷན་ས་ཆར་བསྐོར་བསྐྱོད་ཀྱི་བཀའ་བསྡུར་གནང་འོས་གནང༌།
ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གྱི་སྔོ་དྲོ་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཨི་སི་རལ་སོ་ནམ་ཁྱད་ལས་པའི་ལམ་སྟོན་འོག་དེང་དུས་དང་མཐུན་པའི་སོ་ནམ་འདེབས་ལས་ཐོག་ལོ་གཅིག་རིང་དམིགས་བཀར་སོ་ནམ་སློབ་སྟོན་པ་རྣམས་ལ་གཟབ་ནན་ལས་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ཆེད་ཕེབས་གནང༌། མཛད་སྒོར་སྦེལ་ཀོབ་ལུགས་བདེ་གཉིས་དང་ཧོན་སུར་རབ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང༌། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ཁྱབ་ཁོངས་གདན་ས་ཆོས་སྒར་ཁག་གི་སྐུ་ཚབ་དང་ གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་གི་འགན་འཛིན་དེ་བཞིན་གཞིས་གྲོང་ཁག་གི་སྤྱི་མི་དང༌། སོ་ནམ་གཞིས་ཆགས་ནས་ཆེད་དུ་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་སོ་ནམ་སློབ་སྟོན་བཅས་ཁྱོན་བསྡོམས་མི་གྲངས་བརྒྱ་ལྷག་ཙམ་འདུ་འཛོམས་ཐོག ནང་སྲིད་དྲུང་ཆེ་དང་ཨི་སི་རལ་ཁྱད་ལས་པ་སྐུ་ཞབས་ DAMY ལགས་རྣམ་གཉིས་ཀྱིས་སྣང་གསལ་ཞལ་ཕྱེ་གནང་ནས་མཛད་སྒོ་དབུ་འཛུགས་གནང༌། སྐབས་དེར་ནང་སྲིད་དྲུང་གཞོན་དོན་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ཐེངས་འདིའི་ཟབ་སྦྱོང་ཚུགས་དགོས་པའི་རྒྱབ་ལྗོངས་དམིགས་ཡུལ་ཁག་ངོ་སྤྲོད་སྙིང་བསྡུས་ཞུས་གྲུབ་མཚམས། ཨི་སི་རལ་ནས་ཆེད་དུ་ཕེབས་པའི་སོ་ནམ་ཁྱད་ལས་པ་སྐུ་ཞབས་ DAMY ལགས་ཀྱིས་ཨི་སི་རལ་རྒྱལ་ཁབ་དང་མི་རིགས་ཆགས་ཚུལ་ཐོག་ངོ་སྤྲོད་སྙིང་བསྡུས་ Power Point Presentation ཐོག་གསལ་བཤད་གནང༌། དེ་རྗེས་ནང་སྲིད་དྲུང་ཆེས་ཨི་སི་རལ་ནས་ཆེད་མངགས་ཕེབས་པའི་སོ་ནམ་ཁྱད་ལས་པ་སྐུ་ཞབས་ DAMY ལགས་དང་ཁོང་གི་བཟའ་ཟླ་རྣམ་གཉིས་ཀྱིས་གཙོས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། སྐབས་ ༡༤ ཀྱི་བཀའ་ཤག་གི་ལྟ་གྲུབ་གསུམ་གྱི་སྙིང་དོན་ཁག་གསལ་བཤད་གནང་བའི་ཐོག་བཙན་བྱོལ་དུ་གནས་པའི་གཞིས་ཆགས་ནང་གནས་པའི་རིགས་སུ་མ་ཆད་པའི་གདན་ས་ཆོས་སྒར་དང་དགོན་སྡེ་གྲྭ་ཚང་དང་གཞིས་ཆགས་བཅས་པ་སྲ་བརྟན་དགོས་གལ་ཤིན་ཏུ་ཆེ་བ། དེ་དག་སྲ་བརྟན་དང་ཚགས་ཚུད་ཡར་རྒྱས་གོང་སྤེལ་ཡོང་ཆེད་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་འགན་ཁུར་ཡོད་པར་བརྟེན། ནང་སྲིད་ལས་བྱེད་ཆེ་ཕྲ་ཆུང་གསུམ་གྱིས་སྔ་རྗེས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ལ་འབྲེལ་གཏུགས་དང་རེ་སྐུལ་ཐེངས་མང་ཞུ་ལེན་གྱི་མཐར་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ ༢༠༡༤ Tibetan Rehabilitation Policy 2014 ཞེས་པ་དེ་དངོས་སུ་གཏན་འབེབས་གནང་རྒྱུའི་ཞལ་བཞེས་ཐོབ་པ་དང་དེ་ཡང་སྲིད་བྱུས་ཀྱི་ནང་དོན་ཁག་བོད་བསྒྱུར་ཐོག་རིང་མིན་ས་གནས་འགོ་འཛིན་བརྒྱུད་དེ་གཞིས་ཆགས་ཁག་ཏུ་འགྲེམས་སྤེལ་ཞུ་རྩིས་ཡོད། སྲིད་བྱུས་གསར་པའི་ནང་གསལ་མཐུན་རྐྱེན་ཁག་འབྲེལ་ཡོད་སྤྱི་སྒེར་ཚང་མས་ཞུ་ལེན་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
བཀའ་ཤག་སྐབས་གོང་མའི་སྐབས་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་གལ་ཆེ་དོན་ཆེར་རྩིས་ཏེ་གཞུང་གི་མཐུན་རྐྱེན་ཕོན་ཆེ་སྦྱོར་སྤྲོད་ཐོག་སོ་ནམ་ཞིང་པ་ཚོར་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་གྱི་གོ་རྟོགས་ཟབ་སྦྱོང་གནང་བ་དེ་བཞིན་གཞིས་ཁག་མང་པོའི་ནང་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་དངོས་སུ་འགོ་འཛུགས་གནང་ཡོད། སྤྱིར་སྐྱེ་ལྡན་སོ་ནམ་ཐོག་ངེས་པ་རྙེད་ནས་ཆོད་སེམས་བརྟན་པོའི་ཐོག་ཤར་བསྐྱོད་ཐུབ་པ་ཞིག་དགོས་གལ་སོང་ཡང། གཞུང་གི་མཐུན་རྐྱེན་སྦྱོར་སྤྲོད་མཚམས་འཇོག་གི་གནས་སྟངས་སྐབས་རང་བཞིན་གྱི་སྲོལ་རྒྱུན་དུ་བསྐྱོད་མཁན་ཉུང་དུ་ཕྱིན་པའི་གནས་སྟངས་ཆགས་ཡོད། དེ་རིང་འདིར་ནང་སྲིད་ལས་ཁུངས་ཀྱིས་དེང་དུས་དང་མཐུན་པའི་སོ་ནམ་ལས་སྦྱོང་གི་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཨི་སི་རལ་གྱི་སོ་ནམ་ཁྱད་ལས་པའི་ལམ་སྟོན་འོག་ཨི་སི་རལ་ནང་ཚན་རིག་དང་མཐུན་པའི་སོ་ནམ་ཡར་ཐོན་གྱི་འདེབས་ལས་བྱེད་ནས་སོ་སོའི་རྒྱལ་ཁབ་ལ་དགོས་མཁོ་བསྐྲུན་ཐུབ་པ་ཙམ་མ་ཟད། ཕྱིའི་ཡུལ་གྲུ་ཁག་ལ་ཕྱིར་ཚོང་གི་ཡོང་འབབ་ཡོད་པའི་སོ་ནམ་ལས་གཞིའི་ལག་བསྟར་ཚགས་ཚུད་བྱེད་བཞིན་པ་དེ་དག་གི་བརྒྱུད་རིམ་དང་ཐབས་བྱུས་རྣམས་འདི་ག་ཆེད་དུ་མངགས་ནས་གཞིས་ཆགས་ཁག་གི་སོ་ནམ་སློབ་སྟོན་པ་རྣམས་ལ་ལོ་གཅིག་རིང་གཟབ་ནན་ཟབ་སྦྱོང་དང་ལས་སྦྱོང་འདིའི་བརྒྱུད་རིམ་ཐོག་སོ་ནམ་ཁྱད་ལས་པའི་ལམ་སྟོན་དང་སློབ་སྦྱོང་རྣམས་ཚུལ་བཞིན་ལག་བསྟར་བྱས་ནས་མ་འོངས་པར་གཞིས་ཆགས་སོ་སོའི་ནང་འགྲེམས་སྟོན་ཐོག་ཞིང་པ་བྱིངས་ལ་མིག་དཔེ་སྟོན་ཐུབ་པའི་ལས་གཞི་ལག་བསྟར་བྱེད་རྒྱུ། འགྲེམས་སྟོན་རྒྱུད་རིམ་ཐོག་ནས་སོ་ནམ་ཞིང་པ་ཚོས་ངེས་པ་རྙེད་ནས་སོ་སོའི་ས་ཞིང་སྟེང་ལག་བསྟར་ཐུབ་ཐབས་ཀྱི་ལམ་སྲོལ་རྒྱུན་སྐྱོང་ཐུབ་ཐབས་ཆེད་དུ་ཡིན། དེར་བརྟེན་སོ་ནམ་སློབ་སྟོན་པ་རྣམས་ནས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་གཟབ་ནན་ཐོག་ལས་སྦྱོང་དང་གཟབ་སྦྱོང་གཉིས་ཀར་འབད་བརྩོན་ལྷོད་མེད་བྱ་གལ་ཤིན་ཏུ་ཆེ། དེ་བཞིན་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ནང་ནས་སོ་ནམ་ཞིང་པ་འདོད་བློ་ཡོད་པ་རྣམས་ཟབ་སྦྱོང་འདིའི་ནང་རིན་མེད་མཉམ་ཞུགས་བྱེད་ཆོག དེ་འདྲ་སོང་ཙང་ལོ་གཅིག་གི་རིང་གི་གཟབ་ནན་ལས་སྦྱོང་འདི་དག་ཚགས་ཚུད་ཡོང་ཆེད་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གྱིས་གཙོས་འབྲེལ་ཡོད་ལས་སྣེ་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུས་ཏེ་མཐར་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་གི་འགན་འཛིན་བསྟན་འཛིན་དགྲ་འདུལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ།
ཕྱི་ཚེས་ ༡༧ ཉིན་སྦེང་ལོར་ནཱི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་ཁང་དུ་གཟིགས་སྐོར་གནང༌། ཐེངས་འདིའི་ལས་རིགས་སྦྱོང་བརྡར་ཁོངས་སུ་མཉམ་ཞུགས་གནང་མཁན་གཞིས་ཁག་ནས་ན་གཞོན་ཕོ་མོ་ཁྱོན་བསྡོམས་ ༤༧ ཙམ་ཡོད་པ་ཁོང་རྣམས་ལ་ལམ་སྟོན་གསུང་བཤད་གནང་དོན། དབུས་ནང་སྲིད་ལས་ཁུངས་ནས་ལས་རིགས་སྦྱོང་བརྡར་འདི་བཞིན་དོན་ཆེ་གལ་ཆེར་རྩིས་སྟེ་དགོས་དངུལ་ཕོན་ཆེ་འགྲོ་གྲོན་བཏང་ནས་འགོ་འཛུགས་ཞུས་པའི་ལས་རིགས་སྦྱོང་བརྡར་བལྟི་གནས་ཤི་ག་ཆགས་ཡོད། དེའི་ནང་འཛུལ་བཞུགས་བྱེད་མཁན་ཚོས་དུས་རྒྱུན་དུ་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་རིག་པ་འགྲིམས་ནས་སོ་སོའི་འདོད་བློ་ཡོད་པའི་ལས་རིགས་སྦྱོང་བརྡར་དེ་དག་མཐར་སོན་གྱིས་རང་ཁ་རང་འཚོ་ཙམ་མ་ཟད། སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབས་ཐུབ་པ་ཞིག་བྱེད་དགོས་གལ་ཤིན་ཏུ་ཆེ་བ་སོང་། དེ་ལུགས་ཀྱི་རྒྱུན་སྲིང་འབད་བརྩོན་གང་ཐུབ་བྱེད་དགོས་པའི་ལམ་སྟོན་གནང༌ཡོད།།