ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ དང་། བོད་ཟླ་ ༡ ཚེས་ ༡༤ ཉིན་བོད་ལྷོ་ཁ་ཁུལ་གཞིས་བྱེས་མི་མང་ཡོངས་དང་། སྦེལ་ལྗམ་བོད་རིགས་ཚོགས་པ། བཞུགས་སྒར་བོད་མི་སྐྱབས་བཅོལ་བའི་ཚོང་པའི་བདེ་དོན་སྒྲིག་འཛུགས། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག་བཅས་ཐུན་མོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་ལྷོ་ཁ་ཁུལ་གཞིས་བྱེས་མི་མང་ཡོངས་དང་། སྦེལ་ལྗམ་བོད་རིགས་ཚོགས་པ། བཞུགས་སྒར་བོད་མི་སྐྱབས་བཅོལ་བའི་ཚོང་པའི་བདེ་དོན་སྒྲིག་འཛུགས། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག་བཅས་ཐུན་མོང་གི་ཐོག་ནས་བརྟན་བཞུགས་ཕུལ་བ་དང་། དེ་ཡང་ཁྱེད་རང་ཚོ་ཚང་མས་དད་པ་དང་། དམ་ཚིག དགའ་ཞེན་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་གནང་བ་དང་། བརྟན་བཞུགས་ཀྱི་ཆོ་ག་རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་གཉིས་ཀྱིས་གཙོ་བོ་རྐང་འཛིན་གནང་བ་རེད། དེ་ནི་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་སྨིན་རྡོར་གཉིས་ཞེས་སྨིན་གྲོལ་གླིང་དང་། རྡོ་རྗེ་བྲག་གཉིས་པོ་རིག་འཛིན་གཏེར་བདག་གླིང་པ་དང་། རིག་འཛིན་པད་འཕྲིན་རྣམ་གཉིས་༸གོང་ས་ལྔ་པ་ཆེན་པོ་མཆོག་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།
དེ་ལྟ་བུའི་ཐོག་ནས་ཁྱེད་རང་ཚོས་ཆོ་ག་གསུང་འདོན་གནང་སྟེ་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྩེ་སྤྲུལ་རིན་པོ་ཆེ་དགུང་ལོ་བགྲེས་པོ་རེད། ཞབས་ཀྱི་ནད་གཞི་དེ་ངོས་གཉིས་གྲོགས་པོ་ལྟ་བུ་ཞིག་ཆགས་ཀྱི་འདུག འོན་ཀྱང་རིན་པོ་ཆེ་མཆོག་གིས་དེ་རིང་འདིར་ཐུགས་འཁུར་བསྐྱེད་ནས་ཕེབས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་མཁོ་ཁྱིམ་རིན་པོ་ཆེ་མཆོག་སོགས་ཚང་མས་ཐུགས་འཁུར་བསྐྱེད་ནས་བརྟན་བཞུགས་གནང་མཁན་གྱི་ཚོགས་པ་སྐྱིད་སྡུག་ཁག་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བརྟན་བཞུགས་ཞེས་པའི་རྩ་བ་ཐུག་ས་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན་དམ་ཚིག་ལ་ཐུག་ཡོད་ལ། སྤྱིར་བཏང་མིའི་འགྲོ་སྟངས་ཀྱི་ཐོག་ནས་བཤད་ནའང་། སེམས་བག་ཕེབས་མིན་དང་། སེམས་སྐྱིད་མིན་དང་འབྲེལ་བ་ཡོད་པ་ཡོངས་གྲགས་ཡིན།
ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན་གོང་ཞུས་ལྟར་དད་པ་དང་དམ་ཚིག་གཡོ་བ་མེད་པར་བརྟེན་ཧ་ཅང་ཡག་པོ་རེད། གཙོ་བོ་ནི་བླ་མ་དང་སློབ་མའི་འབྲེལ་བ་ཡོད་པ་ཞིག་ཡིན་ན། སློབ་མའི་ངོས་ནས་དགེ་སྦྱོར་སྒྲུབ་དགོས་ཤིང་། སློབ་མ་རང་ཉིད་ཀྱི་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་དངོས་ལ་ཆ་བཞག་ནའང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་གྱུར། ། ཞེས་གསུངས་པ་ལྟར། བླ་མའི་བྱིན་རླབས་དང་། བླ་མའི་འཕྲིན་ལས་ནི་གསུང་རྗེས་བསྟན་གྱི་ཆོ་འཕྲུལ་གྱི་ཐོག་ནས་འགྲོ་དགོས་པ་དང་། མདོར་ན་བླ་མས་ཡིན་ལུགས་བཤད་པ་དེ་དག་བློ་ངོར་བཅངས་ནས་ལག་ལེན་བསྟར་རྒྱུ་གལ་གནད་ཆེན་པོ་ཡིན། བླ་མས་བཤད་པའི་ནང་དུ་རྒྱུ་མཚན་མེད་པ་ཞིག་འདུག་ན། དམ་ཆོས་འདུལ་བའི་སྐབས་ནས། ཆོས་མ་ཡིན་པ་སྨྲ་བ་བཟློག་པར་བྱའོ། །ཞེས་གསུངས་པ་ལྟར་དང་། གཞན་ཡང་བླ་མ་ལྔ་བཅུ་པའི་སྐབས་སུའང་། རིག་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱངས། །ཞེས་དང་། མདོ་སྡེའི་སྐབས་ནས། དགེ་བའི་ཕྱོགས་ལ་མཐུན་པར་སྤྱོད་ལ། མི་དགེའི་ཕྱོགས་ལ་མི་མཐུན་པར་སྤྱོད་དོ། །ཞེས་གསུངས་ཡོད། དེ་ལྟར་རྒྱུ་མཚན་མེད་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། རྒྱུ་མཚན་དང་ལྡན་པ་ཞིག་ཡོད་ན། རང་ཉིད་ཀྱིས་ཉམས་ལེན་དང་ལག་ལེན་བསྟར་ཏེ་མདོ་དོན་སྙིང་པོ་མི་སེམས་པ་བཟང་པོ་ཞིག་བྱེད་དགོས་པ་ཡིན། སྤྱིར་བཏང་བོད་མི་རྣམས་སེམས་པ་བཟང་པོ་འདུག་ཅེས་བོད་གཞིས་བྱེས་ཕྱི་ནང་ཚང་མར་སྤྱི་ཡོངས་དེ་ལྟ་བུའི་མཐོང་ཚུལ་ཞིག་ཡོད། རེ་ཟུང་ནི་གནས་ཚུལ་ཐ་དད་རེད། དེ་ལྟ་བུའི་མཐོང་ཚུལ་དེ་ནི་རིན་ཐང་ཅན་ཞིག་ཆགས་ཡོད།
དེས་ན་ང་རང་ཚོས་གཙོ་བོ་སེམས་པ་བཟང་པོ་དང་། སྤྱོད་པ་བཟང་པོ་བྱེད་དགོས་པ་ལས། མ་རབས་ཐ་ཤལ་གྱི་སྤྱོད་པའི་རིགས་རྣམས་གཏན་ནས་བྱེད་རྒྱུ་མེད། མི་སེམས་བཟང་། ཡ་རབས་སྤྱོད་བཟང་བྱས་ན་བོད་སྤྱི་པའི་དོན་དག་ལ་དེས་ཕན་པ་དང་། རང་ཉིད་ཀྱི་སྒེར་དོན་ལའང་དེས་ཕན་གྱི་ཡོད། ཚེ་འདི་དང་ཕྱི་མ་གཉིས་ཀར་དེས་ཕན་གྱི་རེད། རྒྱལ་བའི་བསྟན་པའི་ཞབས་འདེགས་ཀྱང་འདི་ལྟ་བུའི་ཐོག་ནས་བསྒྲུབ་དགོས་པ་ལས། ང་རང་ཚོ་ཆོས་ལ་དད་པ་བྱེད་མཁན་རང་ཉིད་ཀྱི་ངོས་ནས་སྒོ་གསུམ་གྱི་བླང་དོར་ཚུལ་དང་མཐུན་པ་ཞིག་མེད་པར་ཁ་ནས་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱང་བསྟན་པ་རྒྱས་ཐབས་མེད། དེ་བཞིན་དགེ་འདུན་རབ་ཏུ་བྱུང་བ་ཞིག་ཡིན་ནའང་། དགོན་པ་ཞིག་ཏུ་བསྡད་པའི་རྗེས་འབྲེལ་གྱིས་རབ་ཏུ་བྱུང་བ་རྣམས་བསླབ་པ་གསུམ་གྱི་ཉམས་ལེན་ཡོད་པའི་མིང་དོན་མཚུངས་པ་ཞིག་བྱུང་ན། བསྟན་པའི་ཞབས་འདེགས་སུ་འགྲོ་བ་དང་། བསྟན་པ་རྒྱས་པར་ཕན་ཐོགས་ཡོང་གི་ཡོད། དེ་ལྟར་མེད་ན་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་ཀྱང་། ཧ་ལས་རྒྱུ་དང་ངོ་མཚར་ཆེ་རྒྱུ་གང་ཡང་མེད། དེས་ན་བརྟན་བཞུགས་ཀྱི་ཞབས་བརྟན་ངོ་མ་རང་རང་སོ་སོས་དགེ་སྦྱོར་ཡག་པོ་སྒྲུབ་དགོས། དེའི་སྐོར་ཞིབ་ཕྲ་སང་ཉིན་བཀའ་མོལ་ཡོང་ངེས་ཡིན།
འོན་ཀྱང་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་དངོས་གནས་དེང་སྐབས་འཛམ་གླིང་འདིའི་ཐོག་ཏུ་རྣམ་དཔྱོད་ཡོད་པའི་མི་ཞིག་གིས་བལྟས་ན་རྒྱུ་མཚན་ལྡན་པ་དང་། དམིགས་བསལ་གྱི་བློ་སྦྱོང་ཐབས་ཁྱད་པར་བ་ཞིག་ཏུ་མཐོང་བཞིན་ཡོད། དེ་ལྟ་བུ་དེ་ནི་རང་ཉིད་ཀྱི་ལག་ཏུ་ཡོད་པ་ཞིག་དང་། དེ་ནི་སྐད་ཡིག་གཞན་དག་བརྒྱུད་ནས་སློབ་མི་དགོས་པར་མི་རིགས་རང་ཉིད་ཀྱི་བོད་ཡིག་དང་། བོད་སྐད་ཐོག་ཏུ་གནས་ཡོད་པས། དེས་ན་དོན་གྱི་བརྟན་བཞུགས་ནི་ཚང་མས་དགེ་སྦྱོར་ཡག་པོ་སྒྲུབ་དགོས། དགེ་སྦྱོར་ཞེས་པ་དེ་ཡང་ཞབས་བརྟན་བསྒྲུབས་པ་དང་། གྲངས་ཀ་གསོག་པའི་དོན་གང་ཡང་མིན་པར་བློ་ཆོས་སུ་སོང་བ་ཞིག་དགོས་པ་ཡིན། བློ་ཆོས་སུ་སོང་བ་དེ་ལའང་ཐབས་དང་ཤེས་རབ་ཀྱི་ཆ་གཉིས་ཡོད་པས་དེ་དག་རང་ཉིད་ཀྱིས་མ་ཤེས་པ་རྣམས་ཤེས་པར་བྱས། ཤེས་པའི་དོན་རྣམས་ཡང་ཡང་བསམ་བློ་བཏང་སྟེ་ངེས་པ་ཐོབ་པ་ཞིག་བྱེད་དགོས་པ་དང་། ངེས་པ་ཐོབ་པའི་དོན་དེ་རང་རྒྱུད་དང་བསྲེས་ནས་རང་རྒྱུད་ལ་གོམས་འདྲིས་ཀྱི་ཐོག་ནས་རིམ་བཞིན་སྒྲུབ་པའི་ཡོན་ཏན་རྒྱུད་ལ་སྐྱེ་བ་དགོས་པ་ཡིན། དེ་དག་ཁྱེད་རང་ཚོའི་དགོངས་པར་བཅངས་དགོས།
བརྟན་བཞུགས་འབུལ་མི་མང་པོ་ཞིག་ཡོང་དང་ཡོང་བཞིན་འདུག་པས། རང་རང་ཁེ་གཙང་དུ་བྱས་ན་དོ་བདག་རང་ཉིད་འདོད་པ་འཚིམ་པོ་ཞིག་ཡོང་ངེས་ཡིན། འོན་ཀྱང་ངོས་རང་ལ་དུས་ཚོད་མེད་ལ། བརྟན་བཞུགས་མང་པོ་ཞིག་ཡོད་པ་རྣམས་ཕན་ཚུན་ཟླ་བསྒྲིལ་བཏང་ན་ཞེས་ཁ་སྔོན་ནས་བརྗོད་རྒྱུ་བྱུང་། དེས་ན་དེ་རིང་འདིར་ཁྱེད་རང་ཚོ་ཚོགས་པ་ཁག་ལྔ་ཐུན་མོང་གི་ཐོག་ནས་ཟླ་བསྒྲིལ་བྱས་ཏེ་བརྟན་བཞུགས་བྱས་པ་རེད། རྗེས་སུའང་བརྟན་བཞུགས་མང་པོ་ཞིག་སྙན་སེང་ཞུ་མཁན་ཡོང་གི་འདུག དེ་དག་ཀྱང་ངོས་ཀྱི་དུས་ཚོད་ལ་ལྟ་བཞིན་དུ་ཟླ་བསྒྲིལ་གྱིས་བརྟན་བཞུགས་བྱས་ན་སྙམ། དེ་སྔ་ངོས་རང་ལོ་ན་ ༡༣ སོན་སྐབས་བཅུ་གསུམ་དགུང་སྐེག་ཅེས་བརྟན་བཞུགས་ཧ་ཅང་མང་པོ་ཞིག་ཕུལ་བ་དང་། སྐབས་དེར་དབུས་གཙང་ཁུལ་གྱི་གཞིས་དགོན་ཆུང་ཆུང་ཡན་ནས་དགུང་སྐེག་གི་བརྟན་བཞུགས་ཞབས་བརྟན་ཡིན་ཞེས་བརྟན་བཞུགས་ཧ་ཅང་མང་པོ་ཕུལ་བ་བྱུང་ཡོད། སྐབས་དེར་བརྟན་བཞུགས་འབུལ་སྐབས་དགོན་པ་དེ་དང་དེའི་མཁན་པོས་མཎྜལ་གྱི་བཤད་པ་བརྒྱབ་སྟེ། མཎྜལ་གྱི་བཤད་པ་འགྲོ་ལ་མ་འགྲོ་བྱས་ཏེ་མཎྜལ་གྱི་བཤད་པ་རྒྱག་གི་ཡོད། འགའ་ཞིག་གིས་མཎྜལ་བཤད་པ་རྒྱག་སྐབས་མཎྜལ་གྱི་བཤད་པ་ཐད་ཀར་མ་ཕྱིན་པར་ལུང་འདྲེན་བྱེད་སྐབས་སྐོར་བ་ཐེངས་གཉིས་གསུམ་བརྒྱབ་པ་ཡོང་གི་ཡོད་ལ། བརྟན་བཞུགས་ཀྱི་མཎྜལ་བཤད་པ་རྒྱག་སྐབས་མགྲོན་གཉེར་ཆེན་མོ་བཞུགས་ཁྲིའི་ཉེ་འཁྲིས་སུ་ལངས་ནས་སྡོད་ཀྱི་ཡོད་ཅིང་། གང་འཚམ་ནས་མགྲོན་ཆེ་ཁོང་ཡང་འཛུམ་ཤོར་ནས་སྡོད་ཀྱི་ཡོད། དེ་རིགས་ནི་ཁྲལ་ལྟ་བུ་ཞིག་ཡིན་པ་ལས། སྙིང་པོ་དེ་ཙམ་མེད། དེ་ལྟར་བཅུ་གསུམ་དགུང་སྐེག་སྐབས་བརྟན་བཞུགས་འབུལ་མཁན་ཧ་ཅང་མང་པོ་ཞིག་བྱུང་བ་རེད། དགོན་གཞིས་ཆུང་ཆུང་ཆུང་དེ་དག་ནི་ཁྲལ་ལྟ་བུ་ཞིག་དང་། དཀའ་ལས་ཧ་ཅང་ཁག་པོ་རེད། དེ་རྗེས་ཉེར་ལྔའི་དགུང་སྐེག་སྐབས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་དུས་ཚོད་མེད་པར་བྲོས་བྱོལ་དུ་ཡོང་དགོས་བྱུང་ཡོད།
དེ་ནས་ང་རང་ཚོ་རང་ཡུལ་བྲལ་ནས་བཙན་བྱོལ་བ་ཆགས་ཡོད། ད་ཆ་ལོ་ངོ་བརྩིས་ན་ ༨༡ དང་། ལོ་འཁོར་མོ་བརྩིས་ན་ལོ་ ༨༠ ཐམ་པའི་མཚམས་སུ་སླེབས་ཡོད། དེས་ན་ཁྱེད་རང་ཚོས་མི་ཆོས་དང་བསྟུན་ནས་དགུང་སྐེག་གི་བརྟན་བཞུགས་ཕུལ་བ་དང་འབུལ་རྒྱུར་བཅས་ཡོད་པ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ལྟར་ལོ་ངོ་བརྩིས་ན་ ༨༠ ཐམ་པར་སླེབས་ཡོད། ད་ལྟ་པུས་མོའི་དཀའ་ངལ་ཕྲན་བུ་ཡོད་པ་ལས། དེ་མིན་གཟུགས་གཞི་བདེ་ཐག་ཆོད་ཡིན། གཟུགས་པོའི་བབ་ནས་བརྩིས་ན་ལོ་ངོ་བརྒྱ་ཕྲག་བར་དུ་འཚོ་ཐུབ་པའི་ཆ་རྐྱེན་ཡོད་པ་ལྟ་བུ་ཞིག་འདུག འོན་ཀྱང་སྐྱེས་པའི་མཐའ་མ་འཆི་བ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱང་མཐར་མྱ་ངན་ལས་འདས་པ་རེད། འདས་པའི་ལོ་སྟོང་ཕྲག་གཉིས་ལྷག་ཙམ་གྱི་རིང་ལ་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པའི་རིགས་ཡོད་པར་གསུངས་ཡོད་ཀྱང་མིས་དངོས་སུ་མཇལ་རྒྱུ་མེད། དེས་ན་ཡོངས་གྲགས་ཕལ་མོ་ཆེ་ལོ་རྒྱུས་ཀྱི་ནང་དུ་ཡོད་པ་ཞིག་ལས་ད་ལྟ་འཚོ་བཞུགས་མེད། མ་འོངས་པར་ཡང་རིམ་བཞིན་འདི་ལྟར་དུ་འགྲོ་དགོས་པ་ཡིན།
གལ་གནད་ཆེ་ཤོས་ནི། ང་རང་ཚོས་རང་ཉིད་ཀྱི་ཆོས་སྲིད་གང་གི་ཐོག་ཏུ་ཡིན་ནའང་རང་གི་སྐབས་བབ་ཀྱི་ལས་འགན་དེ་ཧུར་ཐག་འབད་ཐག་གིས་བསྒྲུབས་ཏེ། རང་ཉིད་འཆི་ཁར་མི་ཚེ་འདི་བོད་ཀྱི་བསྟན་སྲིད་སྤྱིའི་དོན་ལ་འགྱོད་པ་མེད་པའི་ལྷག་བསམ་རྣམ་དག་གི་ཐོག་ནས་ཞབས་འདེགས་བསྒྲུབས་ཡོད་བསམ་པའི་བློ་བདེ་པོ་བྱ་རྒྱུ་ཡོད་པ་ཞིག་བྱེད་རྒྱུ་དེ་གལ་གནད་ཆེན་པོ་རེད། ལག་ལེན་གྱི་ཐོག་ནས་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད། དེ་མིན་འདྲ་ཆགས་ཆགས་དང་། གོ་མེད་ཚོར་མེད་ལྟ་བུའི་ཐོག་ཏུ་ཕྱིན་ན་མཐའ་མ་རང་ཉིད་འགྱོད་པ་སྐྱེ་བ་ཞིག་ལས་གང་ཡང་ཡོང་རྒྱུ་མེད། ཆོས་བྱེད་མཁན་རྣམས་ཀྱིས་ཆོས་ཤིག་བྱས་པ་ཡིན་ནའང་དངོས་གནས་ཆོས་ཁ་ཡོད་ལག་ཡོད་དང་། ཆོས་སྲབ་མཐུག་འཕེར་བ་ཞིག་དགོས་པ་ལས། ཆོས་ཞེས་པ་དེ་ཁ་ཆོས་ལྟ་བུ་ཞིག་ཏུ་ཕྱིན་ན་དགོས་པ་གང་ཡང་མེད། འཆི་ཁར་གང་ཡང་བྱུང་མ་སོང་ཞེས་འགྱོད་པ་སྐྱེ་བ་ཞིག་ལས་གཞན་གང་ཡང་ཡོང་ཐབས་མེད། དེས་ན་དེ་དག་ཚང་མའི་དགོངས་པར་བཅངས་དགོས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཁྱེད་རང་ཚོའི་འབུལ་བ་གང་འཚམ་ཡོད་བཟོ་འདུག འབུལ་བ་དེ་དག་ཏཱ་ལའི་བླ་མའི་དགེ་རྩ་ཞིག་ཡོད་པ་དེའི་ནང་དུ་བརྒྱབ་ནས་བོད་ཀྱི་སྤྱི་དོན་དང་། བོད་རིགས་ཙམ་མིན་པར་འཛམ་གླིང་འདིའི་ཐོག་གང་སར་གཙོ་བོ་ཤེས་ཡོན་སློབ་སྦྱོང་སོགས་ཀྱི་ཐོག་ཏུ་ཞབས་འདེགས་གང་ཐུབ་ཀྱིས་ཕན་ཐོགས་ཕྲན་བུ་རེ་བྱེད་བཞིན་ཡོད། འདི་ལྟར་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་ཟབ་རྒྱས་སྩལ་རྗེས་བསྟན་བཞུགས་ཡོངས་སུ་གྲུབ་སྟེ་༸གོང་ས་མཆོག་ཕོ་བྲང་དུ་ཆིབས་ཞལ་བསྒྱུར།། །།