༢༠༡༥ ཟླ་ ༣ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༣ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་ཉིན་གཅིག་རིང་གི་མཁས་པའི་བགྲོ་གླེང་ཚོགས་འདུ་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ཐོག་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་དབུས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་རྣམ་པ། སྲི་ཞུའི་ལས་བྱེད་ཁག་གཅིག ཟུར་སྐྱོང་ཚོགས་པ་ཁག་གི་ཉམས་ཞིབ་པ་རྣམ་པ། གསར་འགོད་པ་བཅས་ལྷན་འཛོམས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུང་བཤད་གནང་དོན། ཉིན་གཅིག་རིང་གི་ཚོགས་འདུ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་། ལྷག་པར་འབུམ་རམས་པའི་སློབ་སྦྱོང་གནང་མཁན་ཉམས་ཞིབ་པ་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་རྒྱུར་སྤྱིའི་སྡིངས་ཆ་བསྐྲུན་པ་ཞིག་རེད། ཅེས་གསུང་བཤད་གནང་གྲུབ་མཚམས། བདེ་སྲུང་བཀའ་བློན་མཆོག་གིས་ཐོག་མར་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། དེ་རིང་ངས་འདིར་གང་བཤད་པ་དེ་བཀའ་ཤག་གི་དགོངས་པ་དང་གཞུང་གི་སྲིད་བྱུས་དེ་འདྲ་གང་ཡང་མིན། ང་རང་སྒེར་ངོས་ནས་ཉམས་ཞིབ་ཐོག་ནམ་རྒྱུན་ལྟ་སྟངས་དང་བསམ་ཚུལ་དེ་དག་ཞུ་རྒྱུ་ཡིན། སྲིད་བྱུས་ཉམས་ཞིབ་ཁང་གི་མིང་འདི་མ་ཐོབ་གོང་ལོ་མང་རིང་བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད། འོན་ཀྱང་སྐབས་དེ་དུས་ད་ལྟ་བཞིན་བགྲོ་གླེང་ཚོགས་འདུ་དང་ཚོགས་འདུ་གཞན་གྱི་ནང་མཉམ་ཞུགས་བྱེད་རྒྱུ། ཡང་ཡང་གསུང་བཤད་གོ་སྒྲིག་བྱེད་རྒྱུ་སོགས་ཀྱི་གོ་སྐབས་དང་མཐུན་རྐྱེན་བསྐྲུན་ཐུབ་མེད།
དེར་བརྟེན་བཀའ་ཤག་སྐབས་བཅུ་བཞི་པས་བོད་མིའི་སྒྲིག་འཛུགས་ལ་ཉམས་ཞིབ་ཁང་ཚད་ལྡན་ཞིག་དགོས་གལ་གཟིགས་ཏེ། སྲིད་བྱུས་ཉམས་ཞིབ་ཁང་གི་མིང་དང་ངོ་བོ་ཕྲན་བུ་འགྱུར་བ་བཏང་ཐོག་ལོགས་སུ་དབྱེ་བ་ཕྱེ་པ་རེད། འདས་པའི་ལོ་གསུམ་བཞིན་ནང་ཡག་ཐག་ཆོད་བྱུང་སོང་བསམས་པ་ཞིག་འདུག ཉམས་ཞིབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ཚོགས་གནས་ཚུལ་སྤྱི་དང་ལྷག་པར་ད་ལྟ་ང་ཚོའི་གནས་བབས་ཀྱི་ནང་བོད་མི་རིགས་ཀྱི་གནས་སྟངས་དང་། རྒྱལ་རབས་ལོ་རྒྱུས་ཀྱི་གནས་སྟངས། སོ་སོའི་ལུང་པ་བཙན་འོག་ཏུ་ཚུད་པའི་གནས་སྟངས། བོད་དང་རྒྱ་ནག་གི་གནས་ཚུལ་ཐོག་དམིགས་བསལ་གྱི་རྫི་གསང་པོ་གནང་རྒྱུ་ནི་ཧ་ཅང་གནད་འགག་ཆེན་པོ་རེད་བསམས་ཀྱི་ཡོད། ཉམས་ཞིབ་བྱེད་རྒྱུའི་ལས་དོན་གྱི་དགོས་པ་དེ་གལ་ཆེན་པོ་ཙམ་མ་ཟད། ད་ལྟའི་དུས་ཚོད་ནང་དགོས་མཁོ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཉམས་ཞིབ་པའི་ཆ་རྐྱེན་ནི་རྨང་གཞི་ཐོག་ནས་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཡོད་པ་གང་ཞིག་ལ་གནས་ཚུལ་གང་དང་གང་གི་ཐོག་ཉམས་ཞིབ་བྱས་པ་ཡིན་རུང་དེའི་ཐོག་དོ་སྣང་དང་དབྱིངས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལས་དོན་གང་ཞིག་ལ་ལས་བགོས་བརྒྱབ་ཀྱང་དེར་དོ་སྣང་དང་དབྱིངས་མེད་ན་སྤྲོ་བ་འཕེལ་གྱི་མ་རེད། ལས་དོན་གང་ཞིག་གི་ཐོག་དབྱིངས་དང་དོ་སྣང་མེད་ན་ལས་དོན་དེ་ཞིབ་ཚགས་པོ་དང་རུ་ངར་པོའི་ཐོག་ནས་བལྟ་རྒྱུ་ཡོང་གི་མ་རེད།
དེ་རིང་འདིར་ཕེབས་པའི་ཉམས་ཞིབ་པ་ཁྱེད་རང་ཚོ་ལོ་ན་གཞོན་པ་ཤ་སྟག་རེད་འདུག ཁྱེད་རང་ཚོར་མདུན་ལམ་ཏན་ཏན་ཆེན་པོ་ཡོད། ཉམས་ཞིབ་བྱེད་དུས་ཧ་ཅང་དཀའ་ལས་ཡོད། ཉམས་ཞིབ་པ་རྣམ་པ་ཆབ་སྲིད་པ་ནང་བཞིན་སྡིངས་ཆའི་སྒང་ཐོན་འགྲོ་རྒྱུ་ལྟ་བུ་མ་རེད། སོ་སོའི་ཀླད་པ་དཀྲུག་སྟེ་སྡིངས་ཆ་མཁོ་སྒྲུབ་བྱེད་སའི་ནང་མཉམ་ཞུགས་བྱས་ཏེ་བགྲོ་གླེང་། དཔྱད་བསྡུར་བྱེད་དགོས་ཀྱི་ཡོད་སྟབས། དེ་མི་ཚང་མས་བྱེད་ཐུབ་རྒྱུ་དང་ལས་སླ་པོ་ཞིག་མིན། མཐུན་རྐྱེན་གྱི་ཆ་ནས་བཤད་ན་སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་རྐྱེན་བཟང་པོ་ཞིག་མིན། ཉམས་ཞིབ་བྱེད་རྒྱུར་མི་ཆ་ཡང་འདེང་ངེས་ཞིག་མེད་ཀྱང་དེ་སྔ་རྩིས་གཞི་དྲག་ཏུ་ཕྱིན་ཡོད། དེང་སྐབས་རྒྱ་ནག་ཀྱང་རྒྱལ་སྤྱིའི་ཐོག་དོན་དགོས་སྟབས་གནས་ཚུལ་མང་པོ་ཞིག་འགྲེམས་སྤེལ་བྱེད་ཀྱི་འདུག ཆེད་མངགས་བརྒྱུད་བསྒྲགས་བྱེད་དགོས་པའི་གནས་ཚུལ་མང་པོ་ཞིག་ཡོད་པ་གང་ཞིག་ལ་ཉམས་ཞིབ་བྱེད་རྒྱུར་ཕན་ཐོགས་ཡོད་པའི་གནས་ཚུལ་མང་པོ་ཞིག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཁག་ནང་གནས་ཚུལ་མང་པོ་ཞིག་ཐོན་བཞིན་ཡོད། དེ་ཚོའི་གྲས་རྣམ་པ་ཚོས་ང་ལས་མང་བ་གཟིགས་ཐུབ་ཀྱི་རེད་བསམས་ཀྱི་འདུག བར་ལམ་དྲ་རྒྱ་དང་བརྒྱུད་ལམ་ཁག་ནང་གནས་ཚུལ་དང་ཡིག་ཆ་ཐོན་པ་ཁག་ལ་ལྟ་སྐབས་གང་ས་གང་ནས་སྔོག་རྒྱུ་དང་བལྟ་རྒྱུ་ཡོད།
ད་ཆ་མཐུན་རྐྱེན་དང་ཁོར་ཡུག་ཡག་པོ་ཡོད་པ་དེའི་ཐོག་ནས་རྣམ་པ་ཚོས་ཐུགས་སྣང་གནང་ན་རང་བཞིན་གྱི་གནས་ཚུལ་ཐོག་མཁས་པ་ཆགས་མ་ཐུབ་ཀྱང་ཁྱད་ལས་པ་ཕུལ་དུ་བྱུང་བ་ཞིག་ཆགས་རྒྱུར་ཐེ་ཚོམ་མེད་པར་བརྟེན། དེ་ཚོའི་ཐོག་རྣམ་པ་ཚོས་ངེས་པར་དུ་ཐུགས་སྣང་གནང་དགོས་རྒྱུ་ཞིག་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་རིམ་བཞིན་སྐུ་ཞབས་ཀིར་ཤན་ཝར་མ་(Krishan Verma, Fromer Special Secretary,Cabinet Secretariat,Govt.of India)ལགས་ཀྱིས་རྒྱ་ཇེ་ཆེར་འགྲོ་བཞིན་པའི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྐོར་དང་། འཚེ་མེད་ཞི་བའི་དགེ་རྩ་ཚོགས་པའི་(Foundation for Non-Violent Alternative) དགེ་རྩའི་མ་དངུལ་དོ་དམ་པ་སྐུ་ཞབས་ཨོ་པི་ཊན་ཌོན་(O.P.Tandon)ལགས་ཀྱིས་ཁོང་ཚོའི་ཚོགས་པའི་སྐོར། འབུམ་རམས་པའི་སློབ་མ་འཇིགས་མེད་ཡེ་ཤེས་ལགས་དང། མཆོག་ཚེ་རིང་ལགས། བློ་བཟང་དབྱངས་མཚོ་ལགས་བཅས་ཀྱིས་བོད་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་མ་ཟད། ཉསམ་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་དང་། ཉམས་ཞིབ་པ་བསྟན་འཛིན་བདེ་ལྡན་ལགས། བསྟན་འཛིན་ནོར་རྒྱས་ལགས། གདན་ཞུས་ཉམས་ཞིབ་པ་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས། གདན་ཞུས་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་བཅས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག