༢༠༡༥ ཟླ་ ༣ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༡ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨ་རིའི་ཨེ་མོ་རི་དང་ཀོ་ལམ་བྷི་ཡ། སྦོར་ཀོ་ལིན་སོགས་གཙུག་ལག་སློབ་གྲྭ་གྲགས་ཅན་ཁག་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༡༥ ཙམ་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་ཡོད། དེ་ཡང་ཐོག་མར་བཀའ་བློན་མཆོག་གིས་རང་ཉིད་ངོ་སྤྲོད་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་ལྷག་པར་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་ཚན་པ་འདྲ་མིན་ཡོད་པ་རྣམས་དང་ཚན་པ་སོ་སོའི་ལས་དོན་སྤེལ་ཕྱོགས་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་། དེ་རྗེས་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོ་ནས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་མཛད་པ་དེ་ནི་རླབས་ཆེན་ཞིག་དང་བོད་མིའི་ལོ་རྒྱུས་ཐོག་ཧ་ཅང་གཟིད་ལྗིད་ལྡན་པའི་མཛད་པ་ཞིག་ཡིན་སྐོར་དང་། རྒྱ་ནག་དམར་པོའི་སྲིད་གཞུང་ཆོས་དུག་ལ་རྩིས་མཁན་ཞིག་གིས་དེང་སྐབས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་སྐོར་ཐད་བྱུས་བྱ་རྒྱུའི་རྣམ་འགྱུར་ཇི་ཙམ་སྟོན་བཞིན་ཡོད་ཀྱང་།
༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མ་འོངས་པར་ཕུགས་རྒྱང་རིང་པོར་དགོངས་བཞེས་མཛད་ནས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་པ་དེ་ནས་བཟུང་ཏཱ་ལའི་བླ་མས་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྐྱང་པ་མཛད་པ་ལས་ཆབ་སྲིད་ཐོག་ཐུགས་འགན་མཛད་རྒྱུ་དེ་མཚམས་འཇོག་མཛད་པ་ལྟ་བུའི་ལོ་རྒྱུས་རང་བཞིན་ལྡན་པའི་འགྱུར་བ་ཞིག་ཕྱིན་ཡོད། ཅེས་གསུང་རྗེས་རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ལོག་པ་བྱས་ནས་བཙན་བྱོལ་བོད་མི་ཚོས་ཁ་བྲལ་གྱི་རང་བཙན་རྩོད་བཞིན་ཡོད་པར་སྙད་དེ་རྒྱལ་སྤྱིའི་དབུ་ཁྲིད་དང་ཆབ་སྲིད་པ་ཚོར་བོད་ཀྱི་༸་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་བ་ཙམ་མ་ཟད། དཔལ་འབྱོར་དང་དམག་ཤུགས་སོགས་ཀྱི་གནོན་ཤུགས་འོག་བོད་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་གླེང་སློང་རྩ་བ་ནས་མི་ཡོང་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་དེ་ལྟར་ནའང་། དོན་དངོས་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པ་ལས་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད། དེང་སྐབས་རྒྱ་ནག་གཞུང་གི་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྟེན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༣༦ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། བོད་ཀྱི་ཁོར་ཡུག་ལ་མཚོན་ན་བོད་འདི་འཛམ་གླིང་གི་སྣེ་གསུམ་པར་གྲགས་བཞིན་ཡོད། དེ་ནི་གཙོ་བོ་བོད་ཀྱི་འཁྱགས་རོམ་དེ་དག་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་ལ་ཆུའི་འབྱུང་ཁུངས་ཆགས་པ་ཙམ་མ་ཟད། མཐོ་སྒང་བོད་ཀྱི་ཁོར་ཡུག་ཉམས་ཆགས་ཕྱིན་པ་ཡིན་ན། མི་འབོར་ཐེར་འབུམ་མང་པོའི་ཉིན་རེའི་འཚོ་གནས་ལ་དོ་ཕོག་འགྲོ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བསྟུན་དྲི་བ་རྣམས་ལ་ལན་འདེབས་གནང་ཡོད།