༢༠༡༥ ཟླ་ ༣ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་ཐེ་ཝན་གྱི་རྒྱལ་ས་ཐེ་པེར་ཡོད་པའི་རང་དབང་ཐང་ཆེན་ (Liberty Square) ཞེས་པར་བོད་རིགས་དང་ཐེ་ཝན་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་སྲུང་བརྩི་ཞུས་འདུག དེ་བཞིན་ཐེ་ཝན་གྱི་གྲོང་ཁྱེར་ཀའོ་ཤུང་དང་ཧོང་ཀོང་གཉིས་ཀྱི་ནང་བོད་མིའི་གསུམ་དུས་མཛད་སྒོ་དུས་གཅིག་ཏུ་སྲུང་བརྩི་ཞུས་པ་རྣམས་དྲ་རྒྱའི་ཐོག་ཐད་ཀར་རྒྱང་སྲིང་གནང་ཡོད་འདུག
སྐབས་དེར་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་དང་ཧོང་ཀོང་མི་མང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བ་ཙམ་མིན་པར། ཁོང་ཚོས་མ་འོངས་མདུན་ལམ་གྱི་གནས་སྟངས་དང་འབྲེལ་བ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག ཐེངས་འདིར་ཐེ་ཝན་དང་ཧོང་ཀོང་མི་མང་ཚོས་དུས་གཅིག་ཏུ་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ་དེ་ནི་ཐོག་མ་ཆགས་ཡོད། དེ་ཡང་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཞོན་རྣམ་དག་ལགས་ཀྱིས་ཐེ་ཝན་བོད་དོན་རྒྱབ་སྐྱོར་བ་ཚོ་དང་། ལྷག་པར་གཞོན་སྐྱེས་མང་པོ་ཞིག་གིས་ཆུ་ཚོད་ ༣ ལྷག་གི་རིང་ཆར་ཞོད་ཆེ་ཆུང་གནམ་གཤིས་གྲང་ངར་ཧ་ཅང་ཡོད་མིན་ལ་མ་ལྟོས་པར་བོད་མིར་སྐྱིད་སྡུག་མཉམ་མྱོང་ཐོག་གདུང་སེམས་མཉམ་སྐྱེ་མཚོན་ཆེད་གསུམ་བཅུའི་དུས་དྲན་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག ཕྱོགས་མཚུངས་རྒྱལ་ས་ཐེ་པེར་གསུམ་དུས་མཛད་སྒོའི་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༡༥ ཙམ་གྱི་སྐུ་ཚབ
་འཐུས་མི་ཕེབས་ནས་གཏམ་བཤད་སྤེལ་ཡོད།
གྲོང་ཁྱེར་ཀའོ་ཤོང་ལ་མཚོན་ན་ཐེ་ཝན་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༠༠ ལྷག་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་མ་ཟད། མཛད་སྒོ་གྲུབ་མཚམས་གྲོང་ཁྱེར་གྱི་སྲང་ལམ་ནང་ཞི་བའི་གོམ་འགྲོས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་འདུག གོམ་འགྲོས་དེ་ཐེ་ཝན་བོད་རིགས་ཚོགས་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག གཞན་ཡང་ཕྱི་ཚེས་ ༨ ཉིན་ཐེ་པའི་་སྲང་ལམ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས སྟོང་ཕྲག་གཅིག་ལྷག་ཙམ་གྱིས་བོད་མིའི་གསུམ་བཅུའི་དུས་དྲན་ལ་དྲན་གསོ་དང་སྦྲགས། བོད་དོན་ལ་རྒྱབ་སྐྱོར་གྱི་སྐད་འབོད་ཤུགས་ཆེ་གནང་འདུག