༢༠༡༥ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་ལས་སྣེ་འདྲ་མིན་ཐོག་རྒྱ་གར་གྱི་ཆེད་ལས་པའི་མི་སྣ་རྣམས་ལ་བཀའ་སློབ་སྩལ་འདུག དེ་ཡང་སྐབས་དེར་ཐོག་མར་ཏཱ་ལའི་བླ་མའི་ཀུན་ཕན་བདེ་རྩ་ཚོགས་པའི་འགན་འཛིན་སྐུ་ཞབས་ར་ཇིབ་མ་རོ་ཏྲ་ Rajiv Mehrotra མཆོག་གིས་༸གོང་ས་མཆོག་ངོ་སྤྲོད་གནང་།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་བདེ་བ་འདོད་མཁན་ཤ་སྟག་ཡིན་པ་གཅིག་མཚུངས་ཆགས་ཡོད། མི་ཚེ་དོན་དང་ལྡན་པ་ཟེར་བ་དེ་དངུལ་དང་ཐོབ་གོ་ས། སྙན་གྲགས། དེ་དག་རྐྱང་རྐྱང་དོན་དུ་གཉེར་ནས་མི་ཚེ་བསྐྱལ་བ་ཡིན་ན། དེ་ནི་མི་ཚེ་དོན་དང་ལྡན་པའི་དོན་མིན། མི་ཚེ་དོན་དང་ལྡན་པ་ཟེར་ན་སེམས་ནང་ཞི་བདེ་བག་ཕེབས་དགོས།
དེར་བརྟེན་ངོས་རང་མི་སུ་འདྲ་ཞིག་དང་ཐུག་ཀྱང་བདེ་སྐྱིད་ཀྱི་རྩ་བ་སོ་སོའི་རྒྱུད་ལ་ཡོད་པ་ཤོད་ཀྱི་ཡོད། མི་ཚེའི་ནང་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སེམས་ནང་དངངས་སྐྲག་དེ་ཙམ་མེད་པར་ཞི་བདེ་ལྷིང་འཇགས་ཐོག་གནས་ཐུབ་པ་དེ་ནི་གཙོ་བོ་བསམ་བློའི་འཁྱེར་གསོའི་ཐོག་ནས་ཡོང་ཐུབ། རང་ཉིད་ཀྱི་བསམ་བློའི་ནང་དོགས་པ་རྣམ་རྟོག་དང་འཇིགས་སྣང་གིས་ཁེངས་ནས་བསྡད་ན། གཉེན་ཉེ་འདུ་དང་གྲོགས་པོ་གྲོགས་མོོ་སོགས་ཧ་ཅང་མང་པོས་བསྐོར་ནས་བསྡད་ཀྱང་སེམས་པ་སྐྱིད་པོ་ཡོང་རྒྱུར་ཕན་ཐོགས་མེད། གནད་དོན་འདི་ངོས་ཀྱིས་གཙོ་འདོན་བྱས་ནས་ཞུ་དགོས་པ་གང་ཡིན་བརྗོད་ན། དེང་སྐབས་སྤྱི་ཚོགས་དང་ཤེས་ཡོན་གྱི་ལམ་སྲོལ་ནང་ཕྱི་དངོས་པོའི་མཐུན་རྐྱེན་བསྒྲུབ་རྒྱུར་གཙོ་བོར་དམིགས་ནས་མི་ཚེ་སྐྱེལ་བཞིན་ཡོད།
ཅེས་བཀའ་སློབ་སྩལ་རྗེས་འཁྲུལ་ཆས་ཡར་རྒྱས་དང་མིའི་འབྲེལ་བའི་སྐོར་དང་། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་གནད་དོན་དང་འབྲེལ་བའི་དྲི་བ་རྣམས་ལ་བཀའ་ལན་སྩལ། མཐར་མགྲོན་ཁང་གི་སྦྱིན་བདག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་བརྟེན་འབྲེལ་མཚོན་ཆེད་མངར་ཟས་ birthday cakes འབུལ་ལམ་ཞུས་ནས་ཚོགས་བཅར་བ་ཚང་མས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་མགྲིན་དབྱངས་གཅིག་ཏུ་གྱེར།
ཉིན་དགུང་ལྗགས་སྨིན་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་གྲངས་ ༣༥༠ ཡོད་པ་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་འཕྲོ་སྐྱོང་མཛད། སྐབས་དེར་ཐོག་མར་༸གོང་ས་མཆོག་གིས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་སྐབས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་མདུན་ལམ་དང་འབྲེལ་བའི་དྲི་བར་བཀའ་ལན་སྩལ་དོན། དེ་ནི་མི་གཅིག་གཉིས་ཀྱིས་ཐག་གཅོད་ཐུབ་རྒྱུའི་གནད་དོན་ཞིག་མིན་པ་མ་ཟད། ལྷག་པར་ད་ལྟའི་ཆར་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེར་རྩིས་སྤྲོད་མཛད་ཟིན་ནའང་། རྒྱ་གར་གཞུང་མང་གཉིས་ནི་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེ་བ་མ་ཟད། ལྷག་པར་དེ་སྔ་རྒྱ་གར་གྱི་སྲིད་བློན་དམ་པ་པཎ་ཌི་ཏ་ནེ་ཧ་རུ་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་དམིགས་བསལ་གྱི་ཐུགས་འཁུར་བཞེས་པ་དེ་དག་ཐུགས་དྲན་གསོ་མཛད་པ་དང་སྦྲགས། བཀའ་དྲིན་རྗེས་དྲན་ཞུས་གནང་མཛད་དོན། སྲིད་བློན་དམ་པ་ནེ་ཧ་རུ་མཆོག་གིས་བོད་ཕྲུག་ཚོར་ཤེས་ཡོན་ལམ་སྟོན་བྱེད་སྐབས་བརྒྱུད་ལམ་དེ་དབྱིན་སྐད་བྱེད་དགོས་པའི་ལམ་སྟོན་གནང་བྱུང་། གང་ཡིན་བརྗོད་ན་དབྱིན་སྐད་ནི་རྒྱལ་སྤྱིའི་སྐད་ཡིག་གཅིག་ཆགས་ཡོད། བཙན་བྱོལ་བོད་མིའི་དམིགས་ཡུལ་གཙོ་བོ་ནི་གཞིས་ལུས་བོད་མི་ས་ཡ་དྲུག་གི་མངོན་འདོད་བསྒྲུབ་ཐབས་བྱ་རྒྱུ་དེ་རེད།
ཅེས་བཀའ་ལན་སྩལ་རྗེས་ཆོས་འབྲེལ་འཕྲོ་སྐྱོང་སྩལ། ཆོས་འབྲེལ་ཡོངས་སུ་གྲུབ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱི་ལས་འགན་དེ་བསྒྲུབ་ཟིན། ད་ཆ་ཁྱེད་ཚོས་གཞུང་འདི་སླར་ཡང་ཚར་གཅིག་གཉིས་མིན་པར་ཡང་ཡང་ཀློག་ནས་རྩ་བ་ཤེས་རབ་ཀྱི་འབྲེལ་བ་སློབ་དཔོན་ཟླ་བ་གྲགས་པ་དང་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་འབྲེལ་བ་དེ་དག་ལ་སློབ་སྦྱོང་བྱེད་དགོས། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། འཇམ་དབྱངས་དཀར་པོའི་རྗེས་གནང་བྱ་རྒྱུ་ཡིན། ངོས་རང་ན་གཞོན་སྐབས་རྗེ་བཙུན་འཇམ་དཔལ་དབྱངས་བསྒོམས་མྱོང་ཡོད། དེས་ཤེས་རབ་རྒྱས་རྒྱུར་ཕན་ཐོགས་ཏན་ཏན་འདུག ཅེས་བཀའ་སློབ་སྩལ།།