ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སེར་སྐྱ་མི་མང་དང་། སློབ་ཕྲུག་སོགས་དད་ལྡན་ཆོས་ཞུ་བ་ ༨༠༠༠ བརྒལ་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སྩལ་གྲུབ་བསྟུན་བཀའ་སློབ་སྩལ་དོན། སི་ཏུ་རིན་པོ་ཆེའི་སྐུ་ངལ་སྐྱོན་པ་དང་། འཆར་གཞི་སྒྲིག་མཁན་གྱི་འཆར་གཞི་བཀོད། དཀའ་ལས་རྒྱག་མཁན་གྱི་དཀའ་ལས་བརྒྱབ་སྟེ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་འཛིན་མཁན་ལྟ་བུ་ཆགས་འདུག རྗེས་སུ་ཡི་རང་ཡོད། ཧ་ཅང་ཡག་པོ་བྱུང་འདུག
རྟོགས་པའི་ཡོན་ཏན་དེ་གལ་ཆེན་པོ་རེད་འདུག ལུང་གི་ཡོན་ཏན་ཡར་རྒྱས་ཀྱང་ཧ་ཅང་གལ་ཆེན་པོ་རེད། རྟོགས་པའི་ཡོན་ཏན་ཡར་རྒྱས་འགྲོ་རྒྱུར་ཚང་མས་དགོངས་པ་བཞེས་དགོས། དེ་རིང་འདིར་མི་སྣ་མང་པོ་ཞིག་ཕེབས་འདུག གོང་དུ་བརྗོད་པ་བཞིན་སངས་རྒྱས་ཀྱི་ཆོས་འདི་སློབ་སྦྱོང་བྱས་ནས་ཆོས་ཀྱི་གོ་རྟོགས་སྤེལ། ཇི་ཙམ་གོ་རྟོགས་ཆེ་ཡང་དེའི་ཚོད་ཀྱི་སེམས་ལ་ནུས་པ་ཆེ་བ་དང་། ཕན་པ་ཡོད། སེམས་སྐྱིད་པོ་ཡོང་གི་རེད། སེམས་སྐྱིད་པོ་བྱུང་བ་ཡིན་ན། ལུས་བདེ་པོ་ཡོང་གི་རེད། མི་ཚེ་རིང་བ་ཡོང་གི་རེད། གྲོགས་པོ་མང་བ་ཡོང་གི་རེད།
གང་ལྟར་ཆོས་བྱེད་ཟེར་རྒྱུ་དེ་བདེ་སྐྱིད་ཀྱི་རྩ་བར་ཐུགས་ཡོད། སོ་སོར་བདེ་སྐྱིད་ཡོང་ཐབས་རེད། མཁྱེན་སོང་ངམ། ལྷག་པར་སློབ་ཕྲུག་ཕོ་མོ་ཚོ་ནི་ང་ཚོ་བོད་པའི་མི་རབས་རྗེས་མ་ཡིན་ལ་ཁྱེད་ཚོ་ནི་ང་ཚོའི་བསམས་བློ་བཏང་ས་དང་རེ་བ་བརྒྱབ་ས་དེ་ཆགས་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོས་ད་ལྟ་སློབ་སྦྱོང་བྱེད་པའི་སྐབས་ལྷག་བསམ་གྱི་འདུན་པ་བསྐྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ཉིན་རེ་བཞིན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཨ་ར་པ་ཙ་བགྲང་རྒྱུ་འདི་རིག་པ་གོང་ནས་གོང་དུ་འཕེལ་རྒྱུར་ཧ་ཅང་ཕན་ཐོགས་ཡོད། ངོས་ལ་ཆ་བཞག་ན། སྔ་མོ་ཆུང་ཆུང་སྐབས་ནས་ཨ་ར་པ་ཙ་བགྲང་གི་ཡོད། དེ་དུས་གོ་དོན་ཤེས་ཀྱི་མེད། ཆོས་ལ་དེ་ཙམ་རྒྱུ་མཚན་མཐོང་བའི་ངེས་ཤེས་གང་ཡང་མེད་ཀྱང་ཨ་ར་པ་ཙ་བགྲང་གི་ཡོད། དེས་ཏན་ཏན་རིག་པ་འཕེལ་གྱི་ཡོད་པའི་བཟོ་འདྲ་བོ་འདུག དེར་བརྟེན་ཁྱེད་རང་ཚོས་ཨ་ར་པ་ཙ་ཡག་པོ་བགྲང་།
ལྷག་པར་བོད་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ནང་དེ་རིང་ཁ་སང་ཛ་དྲག་གི་དུས་ཚོད་འཁེལ་ཡོད། དུས་ད་ལྟ་བར་དུ་གཙོ་བོ་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འཆུག་མེད། བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་རི་བཙུགས་པ་ནང་བཞིན་བྱས་ནས་བསྡད་ཡོད། དེང་སྐབས་རྒྱ་རིགས་ནང་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། འཛམ་གླིང་སྤྱི་ཡོངས་ནས་ཆ་བཞག་ན། བོད་ཀྱི་ཆོས་དང་རིག་གཞུང་། སེམས་ཁམས་རིག་པ་སོགས་ཤེས་ཡོན་ཐོག་ཚན་རིག་པ་གཙོས་པའི་མི་ཤེས་ཡོན་ཅན་མང་པོ་ཞིག་གིས་དོ་སྣང་གསར་པ་བྱེད་ཀྱི་ཡོད།
དེར་བརྟེན་སོ་སོའི་ལག་པར་ཡོད་པའི་ནོར་བུ་ལྟ་བུ་འདི་རིན་ཐང་ཅན་ཡིན་པ་ངོ་ཤེས་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ཤེས་ཡོན་བདག་པོ་བརྒྱབ་ཟེར་རྒྱུ་དེ་ཨམ་ཁུག་ནང་འཇོག་རྒྱུ་མེད། སོ་སོས་སློབ་སྦྱོང་བྱས་ནས་སེམས་ལ་འཇགས་པ་བྱེད་དགོས། ད་རེས་ཐེངས་འདིའི་ཆོས་འབྲེལ་ལེགས་པར་ཟིན་པ་ཡིན། ཞེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་རྗེས་ཆོས་འབྲེལ་དང་རབ་གནས་སོགས་མཛད་སྒོ་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱེད་ཡོལ་སྟོན་འཁོར་རྣམས་རྡ་སར་ཆིབས་ཞལ་བསྒྱུར།།