༢༠༡༥ ཟླ་ ༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༢ ཉིན་རྒྱལ་སྤྱིའི་གསར་འགོད་ཉིན་མོའི་དུས་སྟོན་དང་སྟབས་བསྟུན། རྒྱལ་ས་ལྡི་ལིའི་ཉེ་འགྲམ་ནོའི་ཌ་ཞེས་པའི་ནང་རྟེན་གཞི་བྱས་པའི་མར་ཝ་སྒྱུ་རྩལ་ཁང་དུ་རྒྱལ་སྤྱིའི་གསར་འགོད་བསྟི་གནས་ཁང་གིས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཀྱི་དུས་སྟོན་International Journalism Day དབུ་འབྱེད་གནང་བ་དང་སྦྲགས། འཛམ་གླིང་ཞི་བདེ་དང་གསར་འགོད་ལས་དོན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ཞི་བདེ་བརྗོད་སྐབས་དམག་འཁྲུག་མེད་པ་ཙམ་གྱི་དོན་མིན། སྤྱིར་འཚེ་བས་འཚེ་བ་འགོག་མི་ཐུབ་པ་ནི་དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་འཇིགས་སྐུལ་དྲག་སྤྱོད་པར་འཚེ་བའི་ལམ་ནས་གདོང་ལེན་བྱེད་ཐབས་ཇི་ཙམ་བྱས་ཀྱང་རྙོག་གྲ་སེལ་རྒྱུའི་ཚབ་ཏུ་འཇིག་སྐུལ་དྲག་སྤྱོད་པ་ཚོས་ད་དུང་འཚེ་བའི་ལས་དོན་གཅིག་མཇུག་གཉིས་མཐུད་སྤེལ་བཞིན་པའི་གནས་ཚུལ་མཐོང་ཆོས་སུ་ཡོད། དེར་བརྟེན་འཚེ་བའི་གཉེན་པོ་མཆོག་དེ་འཚེ་བ་མེད་པའི་ལམ་གཅིག་པུ་ཡིན།
སྤྱིར་འགྲོ་བ་མི་རིགས་རྣམས་ལ་དྲང་བདེན་གྱི་ནུས་ཤུགས་འབྱིན་མཁན་གཙོ་བོ་ཞིག་གསར་འགོད་ལས་རིགས་དེ་ཆགས་ཡོད། དེར་བརྟེན་གསར་འགོད་པ་ཚོས་འཛམ་གླིང་ཁྱོན་དུ་འཚེ་བ་དང་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འཐབ་རྩོད་བྱེད་མཁན་ཕྱོགས་གཉིས་ཀའི་གནས་ཚུལ་ལ་དོ་སྣང་ཆེ་ཆུང་གཅིག་མཚུངས་སུ་བལྟ་དགོས། བོད་མིའི་འཐབ་རྩོད་ལྟ་བུར་མཚོན་ནའང་ལོ་ངོ་བཅུ་ཕྲག་མང་པོའི་རིང་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་འབད་བརྩོན་གནང་དང་གནང་མུས་ཡིན་ནའང་། གསར་འགོད་པ་ཚོས་དེ་ཙམ་དོ་སྣང་བྱེད་ཀྱི་མེད། གལ་ཏེ་གསར་འགོད་པ་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་དོ་སྣང་མ་གནང་བར་འཚེ་བ་དང་དྲག་སྤྱོད་འབའ་ཞིག་ལ་བརྟེན་ནས་འཐབ་རྩོད་བྱེད་མཁན་ཚོར་དོ་སྣང་བྱས་བསྡད་ན། དྲག་གནོན་དང་སྙད་བཅོས་འོག་དཀའ་སྡུག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་སོགས་ཀྱིས། འཚེ་བའི་ལམ་བརྟེན་ནས་འཐབ་རྩོད་བྱས་ན་གསར་འགྱུར་བརྒྱུད་ལམ་ཁག་གི་ཧ་ཅང་དོ་སྣང་བྱེད་བཞིན་ཡོད་པར་བརྟེན། ང་ཚོས་འཚེ་བའི་ལས་འགུལ་སྤེལ་ན་དགེ་མཚན་ཆེ་བ་འདུག ཅེས་ཁོང་ཚོར་འཚེ་བའི་ཐབས་ལམ་ལ་འགྲོ་དགོས་པའི་སྐུལ་དེད་གཏོང་བ་ལྟ་བུ་ཆགས་ཉེན་ཡོད། སྤྱིར་རྒྱ་གར་ཡུལ་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་པ་མ་ཟད། རིག་གཞུང་དང་སྐད་ཡིག གོམས་གཤིས་སོགས་ཧ་ཅང་མང་པོ་ལོ་ངོ་སྟོང་ཕྲག་རིང་ནས་ཞི་བདེ་བག་ཕེབས་དང་འཆམ་མཐུན་ངང་གནས་ཡོད། ཆབ་སྲིད་ཀྱི་ལམ་ལུགས་ལ་མཚོན་ནའང་ཡང་དག་པ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད། དེར་བརྟེན་འཛམ་གླིང་ཀུན་གྱིས་ཡིད་སྨོན་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ལྷག་པར་མེས་པོ་དམ་པ་གཱན་དྷི་མཆོག་འཁྲུངས་ཡུལ་ཞིག་ཡིན་པ་དང་། དམ་པ་ཁོང་གིས་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྟོན་མཛད་ཡོད། ཅེས་གསུངས། སྤྱིར་ལྷན་ཚོགས་སྐབས་དེ་སྔའི་བློན་ཆེན་ཟུར་པ་སྐུ་ཞབས་བྷི་ཤི་མ་ན་རེན་སིངྒ་ Dr. Bhishma Narian Singh མཆོག་སོགས་ཕེབས་པ་མ་ཟད། མེན་མར་དང་ཨར་ཇེན་ཊི་ན། ལྷོ་ཨ་ཕི་རི་ཀ། ཀོ་ལམ་བྷི་ཡ། འབྲུག བྷང་ལ་དེ་ཤི། ཨུ་རུ་སུ་བཅས་རྒྱལ་ཁབ་ ༣༠ ཙམ་ནས་གསར་འགོད་པ་འདུ་འཛོམས་བྱུང་འདུག