ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༩ རེས་གཟའ་ཟླ་བ།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། “བོད་གསར་པའི་བདེ་སྐྱིད་ཀྱི་འཚོ་བ་”དང་། “བོད་རྙིང་པའི་ཆེས་གདུག་རྩུབ་ཀྱི་གཉའ་གནོན་”གཉིས་དབར་སྡུག་དྲན་སྐྱིད་བསམ་བྱེད་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་དགོས་མཁོའི་སླད། རྒྱ་དམར་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས། པེ་ཅིང་སྤུས་ཚད་རྩེ་ཕུད་རིག་གནས་བརྒྱུད་སྤེལ་ཀུང་སི། རྒྱ་ནག་དབུས་བརྙན་འཕྲིན་འཁྲབ་གཞུང་དོ་དམ་བསྟི་གནས་བཅས་མཉམ་འབྲེལ་ཐོག་པར་ལེན་བཟོ་སྐྲུན་དང་འགྲེམས་སྤེལ་བྱས་པའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྙན་འཕྲིན་འཁྲབ་ཚན་ལེའུ་ ༤༦ ཡོད་པ་ཞིག་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ (CCTV 8) ཐོག་དབུགས་ཐེངས་གཅིག་ལ་རྒྱང་བསྲིང་བྱས་མ་ཐག་ 新浪微博 ཞེས་པའི་རྒྱ་ནག་གི་ Twitter དྲ་རྒྱའི་ནང་དགོང་མོ་རེར་ལེའུ་བཞི་རེ་བསྟན་པའི་རྗེས། འཁྲབ་གཞུང་ཇུས་འདོན་པ་ཅང་ལོ་ཅན་ཚེ་དབང་ཡོན་ཏན་གྱི་བསམ་པར་རྒྱ་ཆེའི་གཟིགས་མོ་བས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་རྒྱུའི་རེ་བ་བཅངས་ཡོད་ཀྱང་། དོན་དངོས་ཐོག་དེ་ལས་ལྡོག་སྟེ་རྒྱ་ཆེའི་བོད་མི་ཚོས་དྲ་ལམ་བརྒྱུད་“ཁྱོད་ཚོར་དངུལ་བྱུང་ན། བོད་མིའི་ལ་རྒྱ་དང་ཞེན་ཁོག་བཙོང་གི་ཡོད་དམ། ཁྱོད་ཚོས་འཁྲབ་སྟོན་བྱས་པའི་མི་སྣ་དེ་དག་གིས་བོད་མི་མཚོན་གྱི་མ་རེད་”ཅེས་སོགས་ཚིག་ངན་གཏམ་བཙོག་གིས་ཁ་རྡུང་བཏང་ཡོད་པར་བརྟེན། གོང་གི་དྲ་རྒྱའི་ནང་བོད་མི་འཁྲབ་སྟོན་པ་འགས་གནས་ཚུལ་གསལ་རྟོགས་བྱུང་རྗེས་རྒྱ་ཆེའི་བོད་རིགས་ཚོའི་སེམས་ཁམས་ལ་ཕོག་ཐུག་ཕྱིན་པར་དགོངས་སེལ་ཞུས་འདུག
གནས་ཚུལ་རྒྱུས་མངའ་ཡོད་མཁན་ཁག་གཅིག་གིས་ཅང་ཅན་ཚེ་དབང་ཡོན་ཏན་གྱིས་དེ་སྔའི་བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་སྐབས་ཁོ་པའི་སྤོ་བོ་ཅང་ཅན་གུང་བསོད་ནམས་རྒྱལ་པོ་སོགས་ལ་སྐབས་དེའི་བོད་གཞུང་བཀའ་ཤག་གིས་༼ལུང་ཤར་གྱིས་རུ་སུའི་དམར་པོའི་ལམ་ལུགས་སྤེལ་རྩིས་བྱས་པའི་ཉེས་པ་བཙུགས་ནས་སྐྲ་བཅད་རྒྱང་འབུད་བཏང་བར་༽འཁོན་ལན་སློག་ཆེད་དང་། ད་ལྟའི་རྒྱ་དམར་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་པའི་གཅིག་གོ་གཉིས་ཆོད་ཀྱི་བསམ་ཚུལ་ཐོག་ནས་འཁྲབ་གཞུང་ནང་ཁོ་པས་“བོད་རྙིང་པའི་སྐུ་དྲག་ལམ་ལུགས་སྐོར་མུན་ནག་གདུག་རྩུབ་ཇི་འདྲ་ཡོད་ལུགས་”ངན་པ་རྒྱུས་ཡོད་ཀྱིས་ཇུས་འདོན་བྱས་པ་ནི། བོད་མིའི་གཏམ་དཔེར་༼ཙི་ཙིར་ངན་བྱས། ཕ་ཁང་མེ་བརྒྱབ།༽ཅེས་པ་ལྟར་རང་མགོར་ཆུ་བླུགས་ཀྱིས་ཁོ་པའི་ཕ་མེས་ནས་ད་བར་ཕ་བརྒྱུད་བུ་འཛིན་གྱི་ལྟོ་ཕོགས་དང་གོ་མིང་ཡོང་སའི་སྤྱི་གཞུང་ལ་དམའ་འབེབས་སྐུར་འདེབས་བྱས་པའི་“གསང་གཏམ་”ཞིག་རེད་ཅེས་ལྷ་སའི་ཁྲོམ་གཞུང་གི་ཆང་ཁང་ཇ་ཁང་ནང་ཟུར་ཟ་འཕྱ་སྨོད་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
འོན་ཀྱང་། བྱ་ངན་ངོ་སོར་འཁྱེར་རྒྱུ་དང་རྫུན་ཤོད་རྒྱུར་གོམས་འདྲིས་འཇགས་པའི་རྒྱ་དམར་གཞུང་གིས་དཔོན་རིགས་ཚོས་བོད་རྒྱ་ཆེའི་མང་ཚོགས་དང་བསམ་ཤེས་ཅན་གྱི་རྒྱ་རིགས་ཤེས་ལྡན་པ་ཚོས་དྲ་རྒྱའི་ནང་ལྷག་བསམ་ཟོལ་མེད་ཀྱི་ནོར་འཁྲུལ་ཡོ་བསྲང་གི་སྐྱོན་འདོན་བྱས་པར་ཉན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་མི་བདེན་རྫུན་སྒྲིག་གིས་འཁྲབ་གཞུང་འདི་“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ནང་དོན་གཙོ་བོ་བྱས་ཏེ་བོད་གསར་རྙིང་བསྡུར་བ་བྱ་རྒྱུ་”ཟེར་བའི་དྲིལ་བསྒྲགས་སློབ་གསོའི་ལག་ཆ་གལ་ཆེ་ཞིག་ལ་བརྩིས་ནས། སླར་ཡང་འདས་ལོའི་ཟླ་མཇུག་ནས་བཟུང་༼༢༠༡༤།༡༢།༡༥༽ བོད་ལྗོངས་བརྙན་འཕྲིན་ཞེས་པའི་ནང་། བོད་མི་མང་གི་སེམས་ཁམས་ལ་སླར་ཡང་གནོད་འཚེ་བཟོ་ཆེད་རྒྱ་བོད་སྐད་གཉིས་ནང་ཡང་སྐོར་བསྐྱར་སྐོར་གྱིས་རྒྱང་བསྲིང་བྱེད་བཞིན་ཡོད་པ་མ་ཟད། ད་དུང་བོད་མི་རྣམས་ལ་བཙན་སྐུལ་གྱིས་རང་བསྟོད་རང་སྒྲོག་ཚུལ་དུ་བརྙན་འཕྲིན་དེ་“དངོས་བདེན་དང་ཡག་པོ་ཡོད་”ཚུལ་གསར་འགྱུར་ནང་ཤོད་དུ་འཇུག་པ་དེ་ནི། རང་གནོང་མངོན་བསུས་ཡིན་པ་དོན་གྱིས་ཁས་བླངས་པ་ཞིག་མིན་ན་ཅི། བོད་ཀྱི་གསང་སྒྲུང་ཞེས་པའི་ནང་དོན་དང་འབྲི་རྩལ་སྐོར་རགས་ཙམ་གླེང་ན། ནང་དོན་ཐད་བོད་ཀྱི་ཉེ་བའི་རྒྱལ་རབས་ཀྱི་ཆ་ཤས་ལ་གཞི་བཅོལ་སྟེ། སྒྱུ་རྩལ་ཀྱི་ལམ་ནས་བྱུང་ཚུལ་རྫུན་བཟོ་བྱས་ཏེ་རྩོམ་སྒྲིག་བྱས་པའི་སྒྲུང་གཏམ་ཞིག་རེད། གཟུགས་མེད་གྲིབ་བཟོ་བྱས་པའི་མི་སྣས་དངོས་བྱུང་གི་དུས་སྐབས་ནང་ཕར་འགྲོ་ཚུར་འོང་བྱས་པའི་དེང་དུས་ཀྱི་སྒྱུ་རྩལ་གྱི་ལམ་བུ་དེས། དེ་སྔའི་འབྱུང་རབས་བརྗོད་པ་ནི་གསང་སྒྲུང་དེའི་ཐབས་རྩལ་རེད་ཅེས་བརྗོད་ན་མི་འགྲིག་པ་མེད་སྙམ། མི་སྣ་དང་སྒྲུང་གཏམ་གྱི་བརྗོད་བྱ་གཙོ་བོ་བཅོས་མའི་ཐོག་མཛེས་རྒྱན་སྤྲས་པའི་རྩོམ་པ་པོའི་བརྩེ་སེམས་ཀྱིས། འཁྲབ་གཞུང་དེའི་ནང་གི་མི་སྣ་གཙོ་བོ་༼ཡུལ་འཁྱམ་པ་༽གྲྭ་བཀྲིས་དང་༼བཀའ་བློན་བདེ་ལེགས་ཟེར་བའི་ལྕམ་ཆུང་༽ཚེ་བདེ་སྐྱིད་གཉིས་ཀྱི་གཟུགས་བརྙན་སྟེང་ནས་དེ་སྔའི་བོད་ཀྱི་མཐོ་རིམ་སྤྱི་ཚོགས་ནང་གི་༼སྐུ་དྲག་ནང་ཁུལ་དང་བླ་སྤྲུལ་ཕན་ཚུན་དབར་༽འགྲན་རྩོད་དང་རྟོག་སྨོན་གྱི་ཉམས་སྣང་མངོན་ཚུལ་བྱས།
གཞི་རྩའི་བོད་ཀྱི་གསང་སྒྲུང་ཞེས་པ་བྱུང་ཚུལ་རྫུན་བཟོ་བྱས་པ་ཡིན་ནའང་། འཁྲབ་གཞུང་ནང་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དོན་རྐྱེན་བྱུང་བ་རྣམས་བོད་ཀྱི་འབྱུང་རབས་ནང་བཙལ་ན་རྙེད་རྒྱུ་ཡོད་པར་གཞི་མ་བྱས་ཏེ། དེས་བོད་ཀྱི་ཉེ་བའི་ལོ་རྒྱུས་ནང་ ༼ཕྱི་ལོ་༡༩༣༣ནས་༡༩༥༩བར་གྱི་༽ལོ་ ༢༥ ལྷག་གི་དུས་ཡུན་རིང་བྱུང་ཟིན་པའི་ཧ་ཅང་གལ་ཆེ་བའི་འཕོ་འགྱུར་གྱི་གནས་ཚུལ་ཞིག་གསལ་པོར་བསྟན་ཚུལ་བྱས་འདུག དེ་ཡང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་རྫོགས་པའི་རྗེས། བོད་ཀྱི་མཐོ་རིམ་དབང་འཛིན་མི་སྣའི་ནང་སྲིད་དབང་འཐབ་རྩོད་དང་། རྩིས་པ་ལུང་ཤར་གྱི་དོན་རྐྱེན། རྒྱལ་ཚབ་རྭ་སྒྲེང་དང་སྟག་བྲག་གི་དོན་རྐྱེན། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ། རྒྱ་དམག་བཅིངས་བཀྲོལ་དམག་གིས་བོད་བཙན་འཛུལ་དང་། མི་མང་འཐུས་ཚོགས་ཀྱི་ངོ་རྒོལ། ༡༩༥༩ ལོར་བོད་མི་མང་གི་ངོ་རྒོལ་སྒེར་ལངས་སོགས་བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་དོན་རྐྱེན་མང་པོའི་ཆ་ཤས་ཤིག་རྩོམ་པ་པོས་གང་མཁོ་དེ་ལེན་དང་། སྒྲོ་འདོགས་འབྲི་རྩལ་གྱི་ལམ་ནས་ལོ་རྒྱུས་ཀྱི་འབྱུང་བ་རྣམས་འབྲེལ་ནས་མཚོན་པར་བྱས་པའི་གཟུགས་བརྙན་ཞིག་ཐད་ཀར་མི་རྣམས་ལ་“བོད་རྙིང་པ་”ཞེས་པའི་པར་གཞི་ཆ་ཚང་ཞིག་མཐོང་ཐུབ་པ་བཟོ་ཁུལ་གྱིས། དེས་“དེ་སྔའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་། བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་ཟེར་བ་རྗེས་ལུས་དང་། གདུག་རྩུབ། མུན་ནག་ཡིན་ཚུལ་”ཐེར་འདོན་བྱེད་ཚུལ་དང་ཆབས་ཅིག། “བོད་ཀྱི་གནད་དོན་”ཞེས་པ་ད་ལྟའི་རྒྱ་དམར་གཞུང་ལ་མིག་ནང་གི་གྲ་མ་དང་ཁ་ནང་གི་ཚེར་མ་བཞིན་ན་ཟུག་ཆེན་པོ་བཏང་བའི་དཀའ་ངལ་དེའི་འབྱུང་རྩ་ཕྱིའི་བཙན་རྒྱལ་རིང་ལུགས་ཀྱིས་བཟོས་སྐོར་ཤུགས་ཀྱིས་བསྟན།
སྟབས་ཉེས་པ་ཞིག་ལ། གཟུགས་མེད་གྲིབ་བཟོ་དང་སྒྲོ་འདོགས་ཆེ་ཐལ་དྲགས་ན། མི་རྣམས་ལ་རང་བཞིན་གྱིས་རྫུན་མ་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད་པ་ཆོས་ཉིད་ལྟར། བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་རྒྱུན་མཐུད་ལེ་ཚན་དེའི་རྩོམ་སྒྲིག་པ་དང་། འཁྲབ་འཁྲིད་པ་བོད་མི་མ་ཡིན་པ་དང་། འཁྲབ་སྟོན་པ་གཙོ་བོ་བརྒྱ་ཆ་ ༨༠ ཡང་རྒྱ་མི་རིགས་ཡིན་པ་ལས་བོད་མི་མིན། བོད་ནང་གི་འཁྲབ་སྟོན་པ་དྲག་གྲས་ཁ་ཤས་གདན་ཞུ་བྱས་ཡོད་པ་དེ་དག་མང་ཆེ་བ་ལྡོག་ཕྱོགས་མི་སྣ་དང་གཡོག་པོ་གཡོག་མོ། སྤྲང་པོ་སོགས་འཁྲབ་པའི་གོ་སྐལ་ལས་མེད་ཅིང་། གདན་ཞུ་བྱས་པའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་། མི་དཔོན་སྐུ་དྲག་ཚོའི་གྱོན་ཆས་དང་འཚོ་བ་བསྐྱལ་སྟངས་བརྒྱུད་སྟོན་བྱེད་པོའི་“ཇུས་སྟོན་པ་”ཞེས་མིང་བཏགས་པར་རང་ངོམ་རང་ཆེ་བྱེད་ཀྱི་ཡོད་ནའང་། དོན་དུ་རྒྱ་མིའི་བཀའ་བཀོད་ལྟར་ཉན་རྒྱུ་ལས་ལྷག་པ་མེད་ན། བོད་མིས་བོད་ཀྱི་ལོ་རྒྱུས་བཤད་པ་མ་ཡིན་པར་ཕྱི་མིས་བོད་མིར་རྫུས་ཏེ། བོད་མིའི་དེ་སྔའི་སྐུ་དྲག་གི་ཆས་གོས་གྱོན་ཞིང་བཅོས་མའི་འཁྲབ་རྩལ་དང་། དེང་དུས་ཀྱི་སྒྱུ་མའི་བརྙན་འཕྲིན་བཟོ་རྩལ་བེད་སྤྱད་དེ་བོད་ཀྱི་གསང་སྒྲུང་བཤད་ཁུལ་བྱས། འོན་ཏེ། འོ་མའི་ནང་ཆུ་བསྲེས་མང་དྲགས་ན། ཆུའི་རང་མདོག་མངོན་པ་བཞིན། ཆེ་ས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། ཆུང་ས་མི་སྣ་འདྲ་མིན་གྱི་རྣམ་འགྱུར་དང་བྱེད་སྟངས་བབ་ཅོལ། སྐད་ཆ་ཤོད་སྟངས་མཚོན་རྒྱའི་ཤན་ཤུགས་ཆེ་བས། མདའ་སྐད་གླིང་བསྒྱུར་དང་། རྟ་གཡག་མགོ་འབྲེལ་ཆགས་ཡོད་པར་བརྟེན། ཁོ་བོ་བོད་མི་རྒས་པོ་ཞིག་ཡིན་པའི་ཆ་ནས་ལེ་ཚན་དེའི་ནང་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་དོན་གནད་འགར། བདེན་དཔང་ཁུངས་བཙན་གྱིས་གསེད་བཀྲོལ་དང་མཉམ་མི་བདེན་པའི་རྫུན་གཏམ་རྣམས་ལ་ཐེར་འདོན་བྱ་འདོད་བྱུང་།
བོད་ཀྱི་རྒྱལ་རབས་ལ་མི་བདེན་འཁྱོག་བཤད།
ཐོག་མར་བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་རྒྱུན་མཐུད་ལེ་ཚན་ ༤༦ ཡོད་པའི་ནང་གི་ལེའུ་དང་པོ་འགོ་ཚུགས་མ་ཐག བརྙན་འཕྲིན་དེའི་ཆབ་སྲིད་ཀྱི་དགོས་དབང་དང་དམིགས་ཡུལ་གང་ཡིན་གསལ་སྟོན་བྱས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་མི་བདེན་འཁྱོག་བཤད་བྱས་པའི་གཏམ་རྙིང་རྣམས་བསྐྱར་དུ་བརྙན་འཕྲིན་འཁྲབ་གཞུང་ནང་ཐུམ་སྒྲིལ་བྱས་ཏེ། “སྔར་གྱི་ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་གྱིས་”སྐད་ཆ་ཐོག་མ་འགོ་བཙུགས་པ་ནས་རྫུན་གཏམ་ཤོད་འགོ་ཚུགས་པ་དེ་ནས་གླེང་རྒྱུ་ཡིན། དེ་ཡང་།
༡། བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་ལེའུ་དང་པོ་འགོ་ཚུགས་མ་ཐག རྒྱ་གར་རྡོ་རྗེ་གླིང་ནས་ཡོང་ཁུལ་གྱིས་གནས་སྐོར་བ་གྲྭ་བཀྲིས་དང་ཀ་སྦུག་ནས་ཡོང་བའི་བོད་མིའི་གསར་བརྗེའི་ཏང་གི་ཚོགས་མི་དབང་ལྡན་དང་བློ་བརྟན་གཉིས་ས་ཆ་གང་ཡིན་ཅི་ཡིན་མིན་པ་ཞིག་གི་དགོན་པའི་གྱང་ཁོག་འོག་སླེབས་ནས། བློ་ལྡན་དང་དབང་ལྡན་གཉིས་ཀྱི་གྲྭ་བཀྲིས་ཤིང་སྒྲོམ་ཞིག་གི་སྟེང་ཐག་པས་བཏག་སྟེ་དེའི་སྟེང་འཛེགས་ནས་དགོན་པའི་གྱང་ཁོག་ལྡེབ་རིས་ལ་ལྟ་སྐབས། ཁོ་པས་སྐད་ཤུགས་ཆེན་པོས། “ཏྭ་ལའི་བླ་མ་རྒྱ་ནག་པེ་ཅིང་དུ་མན་ཇུའི་གོང་མ་ཧྲུན་ཁྲེ་དང་མཇལ་འདུག ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོར་རྒྱ་ནག་མན་ཇུ་གོང་མས་ཆོས་ཁྲི་ཕུལ་འདུག་ ཆོས་ཁྲི་དེ་གོང་མའི་ཁྲི་ལས་ཅུང་དམའ་བ་འདུག དེས་ག་རེ་མཚོན་གྱི་རེད་ཟེར་ན། རྒྱ་ནག་གོང་མས་ཏྭ་ལའི་བླ་མར་གོང་མའི་སློབ་དཔོན་ (国师) མཚན་གནས་ཕུལ་བ་རེད། ” ཅེས་མཐོང་བ་བཤད་པ་དང་ཆབས་ཅིག་ ཁོ་པས་ད་དུང་“ཐག་པ་ཡར་ཙམ་འགྱོག་དང་། ཞོགས་གཡས་ལ་ལྟོས་དང་། མན་ཇུ་གོང་མའི་ཞི་དྲག་དཔོན་རིགས་དང་། ཞོགས་གཡོན་ལ་བོད་ཀྱི་བླ་ཆེན་མི་ཆེན་འདུག ལྟོས་དང་ད་དུང་བུད་མེད་ཞིག་འདུག་ འདི་ཕལ་ཆེར་མན་ཇུ་གོང་མ་“ཚེ་ཤིད་(慈禧太后)ཡིན་གྱི་རེད། ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མན་ཇུ་གོང་མར་མཇལ་ཕྱག་ཕུལ་འདུག འདི་ལོ་ ༢༥ གོང་གི་གནས་ཚུལ་རེད་”ཅེས་བཤད་མ་ཐག འོག་གི་ཐག་པ་འཐེན་མཁན་གཉིས་ཀྱིས་ཏྭ་ལའི་བླ་མ་བཅུ་གསུམ་པ་དགོངས་པ་རྫོགས་པ་རེད། ཅེས་བཤད་དེ་ཁོང་གཉིས་ཀྱིས་ཐག་པ་རྡོ་ཆེན་པོ་ཞིག་ལ་བཏགས་ནས་གྲྭ་བཀྲིས་རང་སར་གཡུགས་ནས་ལྷ་སར་དགྲ་ཤ་ལེན་དུ་འགྲོ་ཡི་ཡིན་ཟེར་ཁོ་པའི་ཟ་ཆས་རྣམས་ཁྱེར་ཏེ་བསྐྱོད་རྗེས། ཐག་པ་ཤོར་ནས་བཀྲིས་ས་ལ་ལྷུངས་པ་དང་མཉམ་དགོན་རྙིང་གི་ལྡེབ་རིས་ཡོད་པའི་གྱང་ཁོག་དེ་ཡང་ས་ལ་འགྱེལ་ཚུལ་བསྟན། དེས་མཚོན་དོན་གང་བསྟན་གྱི་ཡོད་དམ་ཞེ་ན། ༸གོང་ས་ལྔ་པ་ཆེན་པོ་མན་ཇུ་གོང་མའི་གདན་ཞུས་ལྟར་རྒྱ་ནག་ཏུ་ཕེབས་པ་དང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་རྒྱའི་ས་མཚམས་རྩོད་རྙོག་ཞི་ཐབས་ཆེད་རྒྱ་ནག་ཏུ་ཕེབས་པ་དེ་གཉིས་ལ་བསྙད་དེ། “བོད་ཀྱི་ཆོས་སྲིད་ཀྱི་དབང་ཆ་རྒྱ་ནག་གོང་མས་སྤྲད་ཚུལ་དང་། བོད་རྒྱ་ཁོངས་ཡིན་”ཚུལ་མི་བདེན་རྫུན་སྒྲིག་གིས་གཏམ་རྙིང་བསྐྱར་དུ་གླེང་བ་དེ་རེད།
འོན་ཀྱང་། དོན་དངོས་ཐོག་༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་པའི་སྐོར་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་འཁོད་པར་གཞིགས་ན། “ རྒྱ་ནག་༸གོང་མ་ཏྭ་མིང་རྒྱལ་པོས་རྒྱ་ནག་གི་མངའ་སྡེ་རྣམས་ལེགས་པར་སྐྱོང་མ་ཐུབ་པས་ནང་ཟིང་དང་། དཔལ་འབྱོར་ཉམས་རྒུད་ཆེ་བར་བརྟེན་ཤར་ཕྱོགས་མན་ཇུ་རི་ཡ་ཞེས་སོག་རིགས་སུ་གཏོགས་པའི་ཡུལ་ཞིག་ནས་གཡོ་ཐབས་ཀྱི་བཙན་འཛུལ་བྱས་ཏེ་ཏྭ་མིང་༸གོང་མའི་སྲིད་དབང་འཕྲོགས་ཏེ་རྒྱ་ནག་ཡོངས་རྫོགས་དབང་བས་མན་ཇུའི་གོང་མ་དང་པོ་ཐབས་སྐྱོང་གིས་“ཧྲུན་ཀྲེ་ 顺治”སྲིད་དོན་ལ་གཏོགས་པའི་ཆེ་རྒུ་ཚང་མ་གྲོས་ཚོགས་ཀྱིས་རྒྱ་བོད་གཉིས་ས་མཚམས་རྒྱ་ཆེའི་ཁར། ལྷག་པར་བྱང་ཤར་དུ་རྒྱ་སོགས་ས་མཚམས་རྒྱ་ཆེ་ཞིང་། རྟག་ཏུ་སོག་པོ་རྣམས་ནས་རྒྱ་མིའི་ས་མཚམས་སུ་བཙན་འཛུལ་ཡང་ཡང་བྱེད་ཀྱིན་ཡོད་པ། སོག་པོ་ཚོས་ཏཱ་ལའི་བླ་མ་རིན་པོ་ཆེར་ཆོས་ཕྱོགས་ནས་བཀའ་གསུང་དང་ལེན་ཞུ་བར་བརྟེན་རྒྱ་བོད་གཉིས་མཆོད་ཡོན་གྱི་འབྲེལ་བ་ཡག་པོ་བྱུང་ན། སོག་པོས་རྒྱ་ནག་དང་། མན་ཇུའི་ས་ཁོངས་གནོད་འཚེ་མི་བྱེད་པས་རྒྱ་ནག་ལ་དོན་ཕན་ཤིན་ཏུ་ཆེ་བ་ལོ་རྒྱུས་རིང་པོའི་ཐོག་ནས་གསལ་པོ་ཤེས་པས་ད་ལན་ཏཱ་ལའི་བླ་མ་རིན་པོ་ཆེ་༼སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག༽ པེ་ཅིང་དུ་གཟེངས་བསྟོད་ཆེ་མཐོང་དང་བཅས་གདན་ཞུ་ཞུ་རྒྱུ་གལ་ཆེ་ཡིན་པ་རྒྱལ་བློན་ཚང་མས་མོས་མཐུན་བྱུང་སྟེ་ལོ་ཤས་ཀྱི་སྔོན་ནས་གདན་ཞུའི་ཞུ་ཡིག་དང་བཅས་མི་སྣ་ཡང་ཆེད་གཏོང་བཀའ་བཞེས་དོན་སྨིན་ཐོབ་པ་ལྟར། སླར་ཡང་། ལྕགས་སྟག་ ༡༦༥༠ ལྕགས་ཡོས་ ཕྱི་ལོ་ ༡༦༥༡ལོ་སོ་སོར་མན་ཇུ་༸གོང་མས་གདན་ཞུ་ནོམ་ཆི་བླ་མ་དང་། ཏྭ་འོན་ནོར་བུ་དབོན་པོ། ངོ་ནོན་ཁོ་ཡ། སེ་ཆེན་དབང་པོ།ཤེས་རབས་བླ་མ་སོགས་སྔ་རྟིང་རིམ་པར་འབྱོར་བར་བརྟེན། ཆུ་འབྲུག་ ༡༦༥༢ ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ཉིན་རྒྱ་ཆེའི་ཆིབས་ཧྲག་དང་། ཕེབས་སྐྱེལ་བཅས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་རྒྱ་ནག་ཏུ་ཆིབས་ཞལ་བསྒྱུར་”ཞེས་དང་། ཡང་“ཏཱ་ལའི་བླ་མ་ལྔ་ཆེན་པོ་དང་། མན་ཇུ་གོང་མ་དང་པོ་ཧྲུན་ཀྲི་མཇལ་འཕྲད་གནང་སྟངས་དང་། དགའ་བསུ་ཞུ་སྟངས་ཚང་མར་ཕན་ཚུན་རྒྱལ་ཁབ་རང་བཙན་དུ་ངོས་འཛིན་ཆེ་མཐོང་བླ་ན་མེད་པ་ཞུས་ཡོད་”པའི་སྐོར་གསལ་པོར་འཁོད་འདུག
རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་ནག་ལ་ཕེབས་པའི་སྐོར་གོང་གི་རྒྱལ་རབས་ནང་གསལ་བར་ལྟར་ན། “གོང་མ་མཇལ་འཕྲད་བོད་ཟླ་ ༨ ཚེས་ ༦ ཉིན་གནང་རྒྱུ་ཡིན་ཀྱང་། མཇལ་འཕྲད་སྐབས་ཕན་ཚུན་གུས་བཀུར་གཟེངས་བསྟོད་གནང་སྟངས་སྐོར་བཀའ་མོལ་མ་འགྲིགས་པར་གོང་དུས་སུ་མཇལ་འཕྲད་གནང་མ་ཐུབ་པ་རེད། དེ་ཡང་མན་ཇུའི་ལས་བྱེད་པ་ཚོས་ཏཱ་ལའི་བླ་མས་གོང་མར་ཀའོ་ཐོ་ཞེས་པའི་གུས་འདུད་གནང་དགོས་ཞུས་པ་དང་། བོད་ཕྱོགས་ནས་མཇལ་འཕྲད་གནང་སྟངས་མན་ཇུ་གོང་མ་དང་པོ་ཧྲུན་ཀྲེ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་རྒྱ་བོད་མཆོད་ཡོན་གུས་བཀུར་གྱི་སྲོལ་རྒྱུན་དགོས་ཚུལ་བརྗོད་དེ་མཐའ་མ་གོང་མ་དེའི་སྐབས་སྙུན་གཞི་ལྕི་བཞེས་ལ་བརྟེན་ཕེབས་བསུར་ཕེབས་མི་དགོས་པར་གོང་མའི་ཡུམ་ཝང་ཐའི་ཧུ་ཚེ་ཤིད་(皇太后慈禧)ཕེབས་བསུར་བཅར་འཐུས་དང་གོང་མ་བཞུགས་ཁྲིའི་སྟེང་བཞེངས་ཏེ་བཞུགས་པའི་ངང་ཕན་ཚུན་མཇལ་དར་སྣེ་སྤྲོད་གནང་རྒྱུར་གྲོས་འཆམ་ལེགས་འགྲིགས་ཀྱིས་ཟླ་ ༨ ཚེས་ ༢༠ ཉིན་གོང་མ་ཀོང་ཤུའི་དང་། གོང་མའི་ཡུམ་ཝང་ཐའི་ཧུ་ཚེ་ཤིད་མཇལ་འཕྲད་གནང་རྒྱུར་ཤིན་ཏུ་རྒྱས་པའི་རྒྱ་བོད་ཧོར་གསུམ་གྱི་ཆིབས་ཧྲག་དང་། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་མི་བཅུ་དྲུག་གིས་བཏེགས་པའི་ཕེབས་བྱམས་སེར་པོ་གསེར་ཏོག་ཅན་ནང་ཕེབས། གཡས་ན་གོ་མཚོན་མི་འདྲ་བ་ཐོགས་པའི་དཔུང་དམག་གི་རུ་བསྒྲིགས་དང་། གཡོན་ན་དཔུང་དམག་གིས་པུས་མོ་ས་ལ་བཙུགས་ཤིང་། ལག་གཉིས་ཐལ་མོ་སྦྱར་བའི་དབུས་སུ་དྲི་ཞིམ་འཐུལ་བའི་སྤོས་རིང་འཛིན་པ་དག་བསྟར་བསྒྲིགས་དང་། གྲོང་ཁྱེར་གྱི་མི་རྣམས་ཀྱིས་སྤོསདང་མེ་ཏོག དར་མཚོན་སྣ་ལྔ་ལ་སོགས་པ་ཐོགས་ནས་དགའ་བསུའི་འབོད་སྒྲ་སྒྲོག་པ། གཞུང་བརྒྱུད་ཕོ་བྲང་ཤར་ཕྱོགས་ཆབ་སྒོའི་ནང་ནས་རྒྱལ་པོ་ཝང་ཤུ་ཧྲན་ཕེབས་བྱམས་ལས་བཤོལ་ཏེ་སྒོ་འགྲམ་ནས། རིན་ཁྲུའུ་རན་གཟིམ་ཆུང་བར་ཡུལ་ཅན་རྡ་ཧྲི་དང་། ཅུན་ཇི་སོགས་ཀྱིས་གཙོས་ཞི་དྲག་དཔོན་རིགས་ལྔ་བརྒྱ་སྐོར་གུས་འདུད་བསྟར་བསྒྲིགས་དབུས་སུ། སླིད་ཁང་སྦུ་ཐང་ཀྭ་ཆེ་བ་ནས་༸གོང་ས་མཆོག་སྟོན་འཁོར་གདན་འདྲེན་ཞུས། ”ཞེས་དང་།
ཡང་“གོང་མའི་གཟིམ་ཆུང་གི་སྒྲོམ་སྐས་འགྲམ་གོང་མའི་ཡུམ་ཝང་ཐའི་ཧུ་ཚེ་ཤིད་(皇太后慈禧) ཕེབས་བསུར་ཕེབས་པར་༸གོང་ས་ཆེན་པོས་ཕྱག་རྟེན་དུ་བདེ་བར་གཤེགས་པའི་སྣང་བརྙན་དང་མཇལ་དར་ཞིག་འབུལ་གནང་ལ། གོང་ཡུམ་ནས་མཇལ་དར་ཐོག རིན་པོ་ཆེའི་མགུལ་ཕྲེང་ཞིག་འབུལ་གནང་གིས་གཟིམ་ཆུང་དུ་ལྷན་ཕེབས་ཀྱིས་ཞབས་བཏེགས་ཐོག་བཞུགས་ཏེ་འཚམས་འདྲི་སོགས་གསུང་གླེང་གང་ཙམ་གནང་། དེ་ནས་གོང་མའི་མཇལ་འཕྲད་གཟིམ་ཆུང་དུ་ཕེབས་པ་གོང་མ་ཀོང་ཤུའི་རང་བཞུགས་ཁྲིའི་སྟེང་མི་གཉིས་ཀྱི་སྐྱོར་ཏེ་བཞེངས་བཞུགས་པར་༸གོང་ས་མཆོག་ནས་བདེ་བར་གཤེགས་པའི་སྣང་བརྙན་དང་། མཇལ་དར་ཕུལ་གནང་ལ་གོང་མས་ཚུར་གུས་ཞབས་དང་བཅས་ནང་མཛོད་སེར་པོ་ཞིག་འབུལ་གནང་མཛད། བཞུགས་ཁྲིར་བཞུགས། ལོ་ཙཱ་བ་བརྒྱུད་ཕན་ཚུན་འཚམས་འདྲི་བཀའ་མོལ་སོགས་གནང་”། ༸གོང་ས་མཆོག་གིས་“ སྔར་རྒྱ་བོད་དབོན་ཞང་གི་འབྲེལ་བ་བྱུང་སྟེ་ཆིངས་ཀྱི་རྡོ་རིང་བཙུགས་ཚུལ། ལྷག་པར་རྒྱལ་མཆོག་ལྔ་པའི་སྐབས་མན་ཇུ་གོང་མ་དང་པོ་ཧྲུན་ཀྲེ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ་རྒྱལ་ཁབ་གཉིས་གཅིག་ཕན་གཅིག་གྲོགས་ལས། རྒྱལ་ཁབ་གཅིག་གི་འོག་ལ་གཅིག་མིན་པ། བར་ལམ་ཟི་ཁྲོན་དང་ཡུན་ནན་གྱི་དཔོན་རིགས་འགའ་ཤས་ནས་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བར་གོ་བ་ལོག་སྒྲུབ་ཀྱིས་བོད་ས་རྒྱ་ཁོངས་ཡིན་རྐྱང་ལྟ་བུས་ས་སྙད་བརྡབས་གསིགས་སོགས་དབང་ཡོད་ཚད་མེད་བཏང་སྐོར་”དང་། “དེང་སྐབས་ཁམས་ཕྱོགས་ཟ་བེད་བརྡབས་གསིགས་གཏོང་བཞིན་པའི་རྒྱ་རིགས་དཔོན་དམག་གཅིག་རྐྱང་མ་ལུས་པ་འཕྲལ་དུ་ཕྱིར་འཐེན་དང་། བོད་རྒྱ་མཆོད་ཡོན་ཕན་ཚུན་སྐྱོང་རེས་ཀྱི་གནས་ལ་བརྟེན་དབྱིན་བོད་ཚོང་དོན་སྐོར་རྒྱ་ཕྱོགས་ནས་ཀྱང་ལེགས་རྒྱུ་གང་ཆེའི་ཕན་ཆར་དགོས་པའི་གནས་ལུགས་ཞིབ་གསུངས་གནང་བ་འཁོད་འདུག་ཅིང་།” གོང་མ་ཀོང་ཤུའི་མཆོག་ནས་ཀྱང་། “རྒྱ་བོད་མཐུན་ལམ་བཙན་པོ་ཡོང་བ་དང་། སྔར་སྲོལ་གྱི་རྗེས་སུ་འབྲངས་པའི་རྒྱ་བོད་གཉིས་པོ་བརྟན་ཅིང་རྒྱུན་འཁྱོངས་ཡོང་བ་བྱ་དགོས་ཞེས་པའི་བཀའ་ཤོག་དང་། གསེར་གྱི་པང་ལེབ་ཀྱི་ངོས་ལ། ནུབ་ཕྱོགས་ཀྱི་སྙིང་རྗེ་ཆེན་པོའི་སྐྱེས་བུ་སངས་རྒྱས། ཞེས་པའི་མཚན་འཕར་གྱི་གཟེངས་བསྟོད་། མན། རྒྱ། བོད། སོག་བཅས་པའི་ཡི་གེའི་ཤན་སྦྱར་དང་གནང་སྐྱེས་རྒྱ་ཆེ་བཅས་ཕུལ་གནང་ལ། ༸གོང་ས་མཆོག་ནས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་གྱི་མཚོན། བོད་སོག་དངོས་འབུལ་སྤམ་མཐོ་འབུལ་གནང་བ་དང་འབྲེལ་མཐིང་ཤོག་ལ་གསེར་བྲིས་ཀྱི་ཐུགས་སྨོན་བསྔགས་བརྗོད་ཀྱང་བསྩལ་ཡོད་འདུག ”ཅེས་འཁོད་དོན་དེ་དག་ལས་གོང་གི་“ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མན་ཇུ་གོང་མར་མཇལ་ཕྱག་ཕུལ་འདུག་”ཅེས་པའི་རྫུན་གཏམ་གྱི་མཐིལ་ཡོངས་སུ་བརྟོལ་བ་རེད།
༢། གོང་མཚུངས་བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་ལེའུ་དང་པོ་མུ་མཐུད་། “འོག་གི་ཐག་པ་འཐེན་་མཁན་གཉིས་ཀྱིས་ཏཱ་ལའི་བླ་མ་བཅུ་གསུམ་པ་དགོངས་པ་རྫོགས་པ་རེད།” ཅེས་བཤད་པ་དེ་ནས་འཁྲབ་གཞུང་ནང་གི་བརྗོད་བྱ་གཙོ་བོ་གཞན་ཞིག་བསྟན་ཁུལ་བྱས་པ་དེ་ནི། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་དབང་ལ་བརྟེན་ནས་རང་མཁོ་དེ་ལེན་བྱས་པའི་བོད་ཀྱི་ཉེ་བའི་རྒྱལ་རབས་ལོ་རྒྱུས་ནང་ ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་༼༡༩༣༣༽ ལོའི་བོད་ཟླ་ ༡༠ ཚེས་ ༣༠ ཉིན་དགོངས་པ་རྫོགས་རྗེས། བོད་གཞུང་བཀའ་ཤག་ནང་རྒྱལ་ཚབ་སུ་བསྐོ་དགོས་མིན་སྐོར་བཀའ་བློན་བདེ་ལེགས་དང་། བཀའ་བློན་རིན་ཆེན་ཟེར་བའི་དབར་དབང་ཆའི་འཐབ་རྩོད་བྱུང་ཚུལ་སྐོར་བཅོས་མའི་གསང་སྒྲུང་ཞིག་བསྟན་པ་སྟེ།
“བཀའ་བློན་བདེ་ལེགས་ཟེར་བས། རྒྱ་ནག་དབུས་གཞུང་གི་“བཀའ་རྩ་”དང་། བོད་ཀྱི་སྔར་སྲོལ་འགྲོ་སྟངས་ལྟར་རྒྱལ་ཚབ་གཅིག་འཕྲལ་དུ་བསྐོ་དགོས་པ་ལྟར་འོས་མིའི་ནང་སྤྱན་གསལ་ཀུན་འཕེལ་བསྐོ་དགོས་ལུགས་བཤད་པར། དེ་མ་ཐག་རང་ཉིད་སྲིད་ཚབ་བྱ་འདོད་ཆེ་བའི་“བཀའ་བློན་རིན་ཆེན་”ཟེར་བས་ངོ་རྒོལ་བྱས་ཏེ། སྤྱན་གསལ་ཀུན་འཕེལ་ལགས་སུ་༸གོང་ས་མཆོག་སྙུན་གཞི་བཞེས་པ་བཀའ་ཤག་ལ་སྙན་གསན་མ་ཞུས་པ་དང་། ད་དུང་༸གོང་ས་མཆོག་གློ་བུར་དགོངས་པ་རྫོགས་པ་དེ་ཁོས་སྡུག་ཕུལ་བ་རེད་ཟེར་བ་སོགས་ཉེས་བཙུགས་བྱས་ཏེ་རྒྱལ་ཚབ་ཀྱི་འོས་གཞིའི་ཁུངས་ནས་ཕྱིར་སྤྲད་དེ། དེའི་ཚབ་ལོ་ན་ཆུང་ཞིང་། ལྷ་སའི་སྐུ་དྲག་ནང་ཁུལ་གྱི་གནས་སྟངས་གང་ཡང་མི་ཤེས་པ། བཀའ་བློན་རིན་ཆེན་ཟེར་བ་ཁོ་པ་དང་ཉེ་འབྲེལ་ཆེ་བའི་རྭ་སྒྲེང་རིན་པོ་ཆེ་ཁོ་པའི་དབང་ཤུགས་ལ་བརྟེན་ནས་སྲིད་ཚབ་ལ་བསྐོས་”ཚུལ་བསྟན་པ་དེ་རེད།
བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་དངོས་ཡོད་གནས་སྟངས་ནི། “རྒྱལ་དབང་མཆོག་གཤེགས་ཏེ་ཟླ་བ་གཉིས་ཙམ་རིང་སྲིད་བློན་དང་། བཀའ་བློན་ལྷན་རྒྱས་ནས་ཕྱག་ལས་གནང་ཞིང་། དེའི་སྐབས་ཆོས་ཀྱི་དབུ་ཁྲིད་མཛད་པོ་རྒྱལ་ཚབ་ལྟ་བུ་ཞིག་དགོས་མིན་བོད་ལྗོངས་སྤྱི་ཚོགས་ལ་བཀའ་སྡུར་གནང་བར། ཕལ་ཆེར་ནས་བླ་སྤྲུལ་ཞིག་༸རྒྱལ་ཚབ་ཏུ་བསྐོ་གཞག་གིས་སྲིད་བློན་གླང་མདུན་མཆོག་ནས་ཕྱག་རོགས་གནང་ན་ལེགས་ཚུལ་བློ་གྲོས་གཅིག་མཐུན་གྱིས་དགའ་ལྡན་ཁྲི་པ་ལས་ཐོག་མི་ཉག་ཨ་མི་ཡེ་ཤེས་དབང་ལྡན་དང་། རྭ་སྒྲེང་ཧུ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དང་། ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་གསུམ་གྱི་མཚན་ཤོག་གཟན་རིལ་རྩེ་འཕགས་མཆོག་ལོ་ཀེ་ཤྭ་རེའི་སྤྱན་སྔར་སྲིད་བཀའ་དང་། དྲུང་རྩིས། ཚོགས་འཐུས་བཅས་པའི་དབུས་སུ་དགའ་ལྡན་ཁྲི་ཟུར་བྱམས་པ་ཆོས་གྲགས་རིན་པོ་ཆེས་ཐུགས་སྨོན་བདེན་ཚིག་ཐོག་གཟན་རྟགས་མཛད་པར་རྭ་སྒྲེང་ཧོ་ཐོག་ཐུ་ཆེན་པོ་ཐོན་པ་ལྟར་། ཤིང་ཁྱི་ ༡༩༣༤ ཟླ་ ༡ ཚེས་ ༡༠ ཉིན་ ༸སྐྱབས་མགོན་༸རྒྱལ་བའི་རྒྱལ་ཚབ་ཀྱི་ཁྲིར་ཕེབས་པ་དང་། སྲིད་བློན་གླང་མདུན་གུང་ཀུན་དགའ་དབང་ཕྱུག་ནས་ཕྱག་རོགས་གནང་བ་རེད་”ཅེས་དངོས་དོན་གསལ་པོར་འཁོད་ཅིང་། དེ་ནས་“སྐུ་བཅར་ཀུན་འཕེལ་ལགས་སུ་སྐུ་ཕྱྭའི་སྐོར་སྲིད་བློན་དང་བཀའ་བློན་རྣམས་ལ་འཕྲལ་འཕྲལ་སྙན་སེང་གནང་མ་ཐུབ་པའི་ལེ་ཐོག་དང་། གསོལ་སྨན་འབུལ་བཞེས་སོགས་ཨེམ་ཆི་བྱམས་པ་དང་། གནས་ཆུང་སྐུ་བསྟེན་སོགས་ལའང་ལེ་ཐོག་ཕྲན་བུ་རེ་བྱུང་ནས་སྐུ་བཅར་ཀུན་འཕེལ་ལགས་ཀོང་པོ་རྩེ་སྒང་ཁུལ་དེ་མོ་ཆབ་ནག་དགོན་ལ་རྒྱང་འབུད་བཏང་བ་སོགས་བོད་ལྗོངས་ཚོགས་འདུས་འཁྲུན་ཐག་བཅད་པ”གསལ་འདུག་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་དེང་དུས་ཀྱི་བརྙན་ཕབ་སྒྱུ་རྩལ་ལམ་ནས་འཁྱོག་བཤད་རྫུན་བཟོ་ཇི་ལྟར་བྱས་ཀྱང་། འཛམ་གླིང་དུ་གྲགས་པའི་ བོད་ཀྱི་སྲིད་དོན་རྒྱལ་རབས་ལོ་རྒྱུས་ཀྱི་ཤོག་ལྷེའི་ནང་འཁོད་པའི་དངོས་དོན་རྣམས་རང་འདོད་བཞིན་བསྲེ་ལྷད་གཏོང་ས་མེད་པ་གསལ་སྟོན་བྱུང་ཡོད།
བོད་ཀྱི་གསོ་རིགས་སྨན་དཔྱད་སྐོར་རྨོངས་པའི་ཧམ་བཤད་ལ་དངོས་དོན་གྱིས་དགག་ལན།
༣། བརྙན་འཕྲིན་རྒྱུན་མཐུད་འཁྲབ་གཞུང་དེའི་ནང་། “བདེ་ལེགས་བཀའ་བློན་གྱི་སྲས་འཆི་མེད་རྒྱལ་པོ་ཀ་སྦུག་ནས་ཕྱིར་ལོག་བྱས་པའི་ལམ་བར་ཤར་སྨད་གཞིས་ཁ་ཟེར་བ་ནས་བསུ་མི་ཡོང་མཁན་མེད་སྟབས། བདེ་ལེགས་སྲས་ཀྱི་བྲན་གཡོག་རྐང་འཛུགས་ཟེར་བ་གཞིས་ཁར་ལྟ་བར་བཏང་ནས་གཞིས་ཁའི་ཉེ་འགྲམ་དུ་སླེབས་སྐབས་མི་རོའི་དྲི་མས་ཁེངས་ཏེ། གཞིས་ཁའི་ནང་མི་སེར་བྲན་གཡོག་ཚང་མ་ཚ་བའི་ནད་ཕོག་སྟེ་ཤི་ཡོད་པ་དང་། གཞིས་གཉེར་ཡང་ནད་ཕོག་སྟེ་་ཤི་ལ་ཁད་གྱུར་ཡོད་པ་རྐང་འཛུགས་ཀྱི་མཐོང་སྟེ། འཕྲལ་དུ་ས་དེ་ནས་ཕྱིར་ལོག་གིས་བདེ་ལེགས་སྲས་འཆི་མེད་རྒྱལ་པོར་གཞིས་ཁའི་མི་རྣམས་ཚ་ནད་ཕོག་སྟེ་་འདས་གྲོངས་ཕྱིན་འདུག་པས། ཕར་གཞིས་ཁའི་ནང་བསྐྱོད་ན་འགོ་ནད་འཕོག་རྒྱུ་བཤད་དེ་འཆི་མེད་རྒྱལ་པོ་སོགས་ལུང་སྟོང་ཞིག་ནང་ཚུགས་བབ་ནས་བསྡད་ཁུལ་བསྟན།
འོན་ཀྱང་། གོང་དུ་ཤར་སྨད་གཞིས་ཁའི་གཞིས་གཉེར་གཙོས་བྲན་གཡོག་ཚང་མ་ཚ་བའི་ནད་ཕོག་སྟེ་ཤི་བ་དང་། མཇུག་ཏུ་བཀའ་བློན་བདེ་ལེགས་ཁོ་རང་ཡང་ཚ་བའི་ནད་ཕོག་སྟེ་སྐུ་རིམ་དང་མཆོད་འབུལ་ག་ཚོད་བྱས་ཀྱང་མ་ཕན་པར་ཐ་མ་འདས་གྲོངས་སུ་གྱུར་ཚུལ་དེ། བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་བོད་ཀྱི་གསོ་བ་རིགས་པའི་སྨན་དཔྱད་ལ་རྨོངས་པའི་ཧམ་བཤད་འབའ་ཞིག་ཏུ་ཟད། ལེ་ཚན་དེ་འཁྲབ་གཞུང་དེའི་ནང་ཆེད་དུ་བསྟན་པའི་དགོས་དབང་ནི། བོད་རྙིང་པར་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མེད་པར་མི་ལ་ནད་ཕོག་ན་ཤི་རྒྱུ་ལས་ཐབས་མེད་པའི་རྒྱ་ནག་གཞུང་གི་ཁུངས་མེད་ཆབ་སྲིད་ཀྱི་དྲིལ་བསྒྲགས་རྣམས་དངོས་ཡོད་ཡིན་ཁུལ་བྱས་འདུག་ཀྱང་། དངོས་ཡོད་གནས་སྟངས་ནི། ༼ཚ་བའི་ནད་ལ་བསིལ་བཅོས་དང་། གྲང་པོའི་ནད་ལ་དྲོད་བཅོས་བྱེད་དགོས་༽པའི་གནས་ལུགས་རྒྱུ་མཚན་བོད་ཀྱི་གསོ་རིག་སྨན་དཔྱད་མཁས་པ་ཚོས་འདས་པའི་ལོ་ ༩༠༠ སྔོན་ནས་ཤེས་རྟོགས་བྱུང་སྟེ་ཚ་ནད་བཅོས་ཐབས་ཀྱི་མཚོན་སྨན་དཔྱད་སྐོར་བཻཌཱུ་རྱ་། སྔོན་པོ་ཞེས་པའི་སྨན་གཞུང་སྟོད་སྨད་གཉིས་རྩོམ་སྒྲིག་གིས་པར་ཤིང་བརྐོས་ཡོད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༦ ལོར་ལྷ་སར་སྨན་རྩིས་ཁང་དངོས་སུ་བཙུགས་གནང་བ་དང་། རྭ་སྒྲེང་རྒྱལ་ཐོག་སྐབས་༼༡༩༣༩༽ལོར་གདན་ས་ཁག་དང་བོད་དམག་ན་གཞོན་སྨན་རྩིས་སློབ་མཁན་འདེམས་གསེས་ཀྱིས་སྐྱ་སེར་སྨན་སློབ་གཞུང་ཕྱོགས་ནས་བསྐོས་པ་ཚང་མར་དམག་དཀྱུས་ཀྱི་ཕོགས་ཐོབ་གསོལ་སྩལ་གནང་སྟེ། སྨན་རྩིས་ཁང་ཐོག་མར་འཛུགས་དུས་དགེ་སློབ་གྲངས་ ༢༥ ཙམ་ནས་མི་རིང་བར་ ༡༠༠ ལྷག་འཕར་བ་དང་ཕྱིས་སུ་སྨན་སློབ་གྲངས་ ༡༠༠༠ ལྷག་གསོ་སྐྱོང་གནང་ཡོད་པས། དེས་གདན་ས་གསུམ་གྱི་གཙོས་པའི་དགོན་པ་གྲྭ་ཚང་དང་། སྟོད་མངའ་རིས་ཁུལ། དབུས་གཙང་། དྭགས་ཀོང་། མདོ་སྟོད་སྨད་གཉིས་བཅས་ལ་གཞུང་དང་། སྒེར་པའི་སྨན་པས་ཁྱབ་ཅིང་ཡོད་པ་དེ་དག་གིས་སྨན་གྱི་ངོ་བོ་ངོས་འཛིན་དང་། སྨན་སྦྱོར་བཟོ། འདུལ་བཅོས་བྱེད་པའི་ལག་ལེན་དང་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ཉམ་ཐག་ནད་པའི་དོན་དུ་ཞབས་འདེགས་གང་ལེགས་ཞུས་ཏེ་ནད་བཅོས་སྲོག་སྐྱོབ་ཀྱི་ནུས་པ་ཆེས་ཆེར་ཐོན་པ་དང་ཆབས་ཅིག གནམ་རིག་སྐར་རྩིས་ཀྱིས་ལོ་རེའི་ནད་ཡམས་སྔོོན་འགོག་ཆེད་སྔོན་ཚུད་ནས་སྐར་རྩིས་དེབ་འགོད་དང་དཔར་འགྲེམས་བྱས་པ། གཞུང་དང་དགོན་པ་གྲྭ་ཚང་། མང་ཚོགས་བཅས་ནས་ཕྱར་བ་གྲུ་འདེགས་ཀྱིས་སྐུ་རིམ་དང་དབྱངས་འཆར། ཟློག གླུད་བརྫངས། རིམས་སྲུང་། སྒོ་དགུ་ཆིག་སྒྲིལ་གྱི་སྲུང་འདུད་སོགས་ལས་གྲུབ་པར་བརྟེན། བོད་མི་རིགས་ཀྱི་བདེ་ཐང་སྲུང་སྐྱོབས་འགན་ལེན་ཐུབ་པ་བྱུང་སྟེ། སྐབས་དེ་དུས་མི་ཚོགས་ཆེ་བའི་ལྷ་ས་གྲོང་ཁྱེར་ནང་སྨན་རྩིས་ཁང་དུ་སྨན་བཅོས་བྱེད་མཁན་མང་ན་མི་གྲངས་ ༥༠ ཡས་མས་ལས་མེད། དེ་ཡང་ནད་གཞི་ཕལ་ཆེ་བ་འབྲུམ་དང་ཁྲག་ཤེད་ཙམ་ལས་མེད་ན། གོང་གསལ་བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་ནང་། ཚ་བའི་ནད་ཀྱི་མཚོན་པའི་འགོ་ནད་ཆེན་པོ་བྱུང་སྟེ་གཞིས་ཁ་གཅིག་གི་མི་ཚང་མ་སྡེབ་ཤི་བརྒྱབ་པའི་གནས་ཚུལ་དེ་རིགས་དེ་སྔའི་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཁུངས་མེད་རྫུན་གཏམ་འབའ་ཞིག་ཡིན་པ་གསལ་བཤད་བྱུང་།
དེ་ལས་དེང་དུས་སྨན་བཅོས་འཕྲོད་བསྟེན་ཡར་རྒྱས་ཆེན་པོ་བཏང་ཚུལ་མ་ཎི་བགྲང་བགྲང་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། དོན་དམ་དུ་ཕྱི་ནས་རྒྱ་མི་འབོར་ཆེ་གནས་སྤོ་བྱེད་པ་དང་། ཆབས་ཅིག་ཟ་ཆས་རྣམས་རྫས་འགྱུར་བསྲེ་ལྷད་ཤུགས་ཆེ་བཏང་བ། འཁོར་ཡུག་སྦགས་བཙོག་ཆེ་བ། གཞུང་གི་དྲག་གནོན་སྲིད་བྱུས་དང་། མི་ཕན་ཚུན་འགྲན་རྩོད་ཀྱི་གནོན་ཤུགས་འོག་མི་རྣམས་ལ་རང་བཞིན་གྱིས་སྔར་མེད་ནད་ཡམས་གློ་ནད་དང་། མཆིན་ནད། ཕོ་སྐྲན། སྙིང་གི་ན་ཚ། ཟ་ཁུ་གཅིན་སྙིའི་ནད། AIDS འགོ་ནད་སོགས་ཤིན་ཏུ་མང་པོ་དར་ཡོད་པ་དེ་དག་གིས་ཉིན་ལྟར་ནད་པ་ཉམ་ཐག་མང་པོ་འདས་གྲོངས་སུ་གྱུར་བ་དང་། སྨན་བཅོས་བྱ་རྒྱུའི་མཐུན་རྐྱེན་ཡོད་མཁན་ཚོ་ལའང་། རྒྱའི་སྨན་ཁང་ནང་སྐད་ཀྱི་གོ་བརྡ་མི་འཕྲོད་པ། ནད་གཞི་གང་ཡིན་བརྩད་མི་ཆོད་པ། སྨན་རིན་ཆེན་པོ་སྤྲོད་དགོས་ཀྱང་ནད་གཞི་དྲག་སྐྱེད་ཡོང་རྒྱུའི་ཚབ་སྨན་པས་ལག་རྩེད་རྩེ་ཡུལ་དུ་གྱུར་ནས་འདས་གྲོངས་ཤོར་སྐབས་ཁ་མཆུ་རྒྱག་ཡུལ་མེད་པ་སོགས་དཀའ་ངལ་ཅི་ཆེའི་གནས་སུ་གྱར་བ་དངོས་བདེན་ཆགས་ཡོད།
མཚུངས་དཔེ་གཞན་འདྲེན་གྱིས་དཔའ་བོས་མཛེས་མ་སྐྱོབ་ཚུལ་གྱི་སྒྲུང་།
༤། བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་མུ་མཐུད། བདེ་ལེགས་སྲས་འཆི་མེད་རྒྱལ་པོ་ཕར་གཞིས་ཁའི་ནང་བསྐྱོད་ན་འགོ་ནད་ཕོག་རྒྱུ་བཤད་དེ་འཆི་མེད་རྒྱལ་པོ་སོགས་མི་མེད་ལུང་སྟོང་ཞིག་ནང་ཚུགས་བབ་ནས་བསྡད་པའི་སྐབས། བཀའ་བློན་རིན་ཆེན་གྱི་སྲས་དགེ་ལེགས་ཟེར་བས་ལྐོག་ཏུ་མི་བཏང་སྟེ་འཆི་མེད་རྒྱལ་པོ་ཚུར་ལོག་ཡོང་སའི་ལམ་བར་ལྕགས་ཟམ་ཞིག་ཡོད་ས་དེར་འབར་རྫས་བཞག་ཡོད་པ་གས་གཏོར་གྱིས། བདེ་ལེགས་སྲས་གཅིག་པོར་ཆུའི་ནང་ལྷུངས་ཏེ་གཡོག་པོ་ཚོས་ག་ཚོད་བཙལ་ཡང་། གསོན་པའི་མི་དང་ཤི་བའི་རོ་མ་བརྙེད་པར་བརྟེན། གཡོག་པོ་རྐང་འཛུགས་གིས་ལམ་བར་ནས་གྲྭ་བཀྲིས་དང་སྲས་འཆི་མེད་རྒྱལ་པོ་གཉིས་མི་གཅིག་ལྟར་འདྲ་པོ་ཡོད་པ་ཐུག་ནས། ཕྱག་མཛོད་དབང་ཕྱུག་གིས་བདེ་ལེགས་གཟིམ་ཤག་སྐྱོབ་ཆེད་གྲྭ་བཀྲིས་སྲས་འཆི་མེད་རྒྱལ་པོར་བརྫུས་སུ་འཇུག་པ་དང་། ལྕམ་ཆུང་ཚེ་བདེ་སྐྱིད་ལ་རང་གི་བཟའ་ཟླ་་འདས་གྲོངས་ཕྱིན་ནས་ཁྱིམ་ཚང་སྐྱོང་མཁན་གྱི་བརྒྱུད་པའི་སྐྱེས་པ་མེད་ན། ཁྱིམ་གཞིས་མི་གཞན་གྱི་བཙན་འཕྲོག་བྱ་རྒྱུའི་ཉེན་ཁ་ཆེན་པོ་འཕྲད་པའི་སྐབས། “བདེ་ལེགས་སྲས་”གློ་བུར་ཕྱི་ནས་ནང་ལ་སླེབས་ཚུལ་གྱིས། མཚམས་འདིར་དཔའ་བོས་མཛེས་མ་སྐྱོབ་པའི་རྣམ་པའི་ཐོག་ཚེ་བདེ་སྐྱིད་དང་བདེ་ལེགས་གཟིམ་ཤག་འཕྲོག་རྩིས་བྱེད་པར་ཡོང་མཁན་བཀའ་བློན་རིན་ཆེན་གྱི་སྲས་དགེ་ལེགས་ཅི་བྱ་ལྟོས་མེད་དུ་གྱུར་སྟེ། ལྕམ་ཆུང་ཚེ་བདེ་སྐྱིད་ལ་རང་ཉིད་དང་བདེ་ལེགས་གཟིམ་ཤག་སྐྱོབས་ཐུབ་པར་དགའ་བ་སྐྱེས། ཚེ་བདེ་སྐྱིད་ཀྱིས་རང་གི་མདུན་ལ་ཡོད་པའི་སྲས་འཆི་མེད་རྒྱལ་པོ་དེ་གྲྭ་བཀྲིས་ཀྱིས་བརྫུས་པའི་གནས་བབ་ངོ་མ་ཤེས་རྟོགས་བྱུང་ནའང་། རིན་ཆེན་བཀའ་བློན་གྱི་གཙོས་སྐུ་དྲག་ཕན་ཚུན་དབར་ཕྱིའི་འཐབ་རྩོད་དང་། བདེ་ལེགས་གཟིམ་ཤག་ནང་ཕྱག་མཛོད་དབང་ཕྱུག་ནས་ཇག་པ་དང་ངན་འབྲེལ་གྱིས་བུ་མོ་ལྷ་མཛེས་བཙན་འཁྲིད་བྱས་པའི་རྩོད་རྙོག་སོགས་ཀྱི་བརྒྱུད་རིམ་ནང་། ཕན་ཚུན་དགོས་དབང་གིས་བེད་སྤྱོད་བྱ་རེས་བྱེད་པ་ནས། རིམ་པས་སྐྱིད་སྡུག་མཉམ་མྱོང་གི་འཚོ་བའི་ནང་། ཚེ་བདེ་སྐྱིད་ལ་རང་གི་བཟླར་བརྫུས་པའི་གྲྭ་བཀྲིས་ཀྱིས་དྲང་བདེན་རྒྱབ་སྐྱོར་དང། ལྷད་མེད་ཀྱི་བརྩེ་དུང་བཅངས་པར་ཡིད་དབང་འཕྲོག་སྟེ་བརྩེ་སེམས་སླེབས་ཚུལ་དང་། དེ་དང་འབྲེལ་བའི་དབྱར་སྐྱིད་གླིང་ཁ་གཏོང་སྐབས་སྐུ་ངོ་རྣམ་པས་བུད་མེད་ལ་གང་བྱུང་འཆལ་སྤྱོད་བྱེད་ཚུལ་སོགས་བོད་ཀྱི་“སྐུ་དྲག་གི་རུལ་སུངས་ཀྱི་འཚོ་བ་”ཟེར་བ་བཅོས་མའི་གཟུགས་བརྙན་ཞིག་བསྟན་པ་དེ་དག་ལས། རྒྱ་ནག་གོང་མའི་ཕོ་བྲང་ནང་གི་ཕོ་མོའི་བརྩེ་དུང་མངོན་པའི་སྒྲུང་གཏམ་གྱི་འབྲི་རྩལ་དང་། གཞན་ཡང་ཕྱིའི་བརྙན་འཕྲིན་འཁྲབ་གཞུང་འདྲ་མིན་ཁག་ནས་དེ་འབྲེལ་ཆ་བསྡུ་ཡ་བསྡུས་བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་འཁྲབ་ཚན་ནང་། མཚུངས་དཔེ་གཞན་འདྲེན་གྱིས་རབ་བཏགས་ཀྱི་རྒྱན་ལྟར་དཔར་བཀབ་བྱས་པའི་རང་མཚང་ངང་ཤུགས་ཀྱིས་གསལ་པོར་མངོན་གྱི་འདུག
དངོས་དོན་ཐོག བོད་ཀྱི་སྡེ་དཔོན་མི་དྲག་རྣམས་ལ་བོད་གཞུང་ནས་ཟླ་ཕོགས་གནང་བའི་ཚབ་ཏུ་ཕ་གཞིས་གནང་ཡོད་པ་དེ་ནས་རྒྱགས་རང་འཁུར་བྱེད་དགོས་ཀྱི་ཡོད་སྟབས་འཚོ་བའི་གནས་སྟངས་འགྲིགས་ངེས་ཙམ་ལས་བརྙན་འཕྲིན་ནང་བསྟན་པ་ནང་བཞིན་རྒྱུན་དུ་ཕྱི་རྒྱལ་གྱི་ཆང་རག་འདྲ་མིན་ཐུང་བ་དང་། ཐ་མག་ཉལ་ཐག་ཐེན་པ། རྒྱན་གོས་ཧ་ཅང་རྫིག་པོ་གྱོན་པ་སོགས་བྱེད་ཀྱི་མེད་པ་མ་ཟད། སྐུ་ངོ་དང་ལྕམ་ཆུང་གི་མཚོན་སྦྱིན་བདག་དང་གཉེར་པ་དང་གཡོག་པོ་གཡོག་མོའི་དབར་མིང་འབོད་སྟངས་ཀྱི་རྣམ་དབྱེ་ཙམ་ལས་དོན་དུ་ནང་མི་དང་ཁྱིམ་ཚང་གཅིག་གི་མིའི་འདུ་ཤེས་འཇོག་པ་མ་གཏོགས། རྒྱ་ནག་གོང་མ་ཚང་གི་རྒྱལ་བློན་དང་དཔོན་གཡོག་དབར་གྱི་མཐོ་དམན་དབྱེ་འབྱེད་ཀྱི་ཞབས་ཕྱི་ཞུ་ཚུལ་དང་། བྲན་གཡོག་ལ་སྡང་ཟུག་ཆེ་བའི་སྐད་ཆ་ཤོད་སྟངས་དང་ཁ་ཚིག་བསྒྲགས་ལོང་མ་བྱུང་གོང་ནས་རྟ་ལྕག་ཞུ་ཚུལ་སོགས་ཞྭ་དཔེ་ལྷམ་འགེབས་བྱས་པའི་སྒྲོ་སྐུར་དེ་ལྟ་བུ་བོད་ཆོས་ལྡན་ཞིང་གི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་ནང་མེད། ལྷག་པར་དུ་༸རྒྱལ་ཚབ་རྭ་སྒྲེང་དང་སྟག་བྲག་གཉིས་ཀྱི་དོན་རྐྱེན་བྱུང་སྐབས་སུ་སྐུ་དྲག་རྣམས་ལ་ཐག་ཤོར་འགྲིམ་འདྲུད་ཀྱིས་ཉེས་མེད་ཉེས་འདོགས་ཡོང་ཉེན་ལ་བརྟེན། གཟིམ་ཤག་ཆེ་ཁག་གི་དཔོན་གཡོག་ཚང་མ་ཁྱིམ་ཚང་གཅིག་གི་ནང་མི་ལྟར་གནས་པ་ལས། ཕྱག་མཛོད་དང་གཉེར་པ་འམ་གཡོག་པོས་རང་ལ་གོ་མིང་དང་ཁེ་ཕན་ཡོང་ཆེད། ཕྱི་ལག་ནང་སྦྲེལ་གྱིས་སྦྱིན་བདག་མེད་པ་བཟོས་ཚུལ་མི་རིགས་གཞན་གྱི་ངན་སྤྱོད་དེ་རིགས་བོད་མིའི་སྤྱི་ཚོགས་ནང་ཤིན་ཏུ་དཀོན།
འོན་ཀྱང་། རང་གསང་མཁས་ཀྱང་མི་བཤད་མཁས་པའི་དཔེ་ལྟར། གུང་ཁྲན་ཏང་གིས་དབང་བསྒྱུར་བྱེད་པའི་དེང་གི་སྤྱི་ཚོགས་ནང་དཔོན་རིགས་དང་ཚོང་པ་རྣམས་ངན་འབྲེལ་བྱས་ཏེ། ལྐོག་ཟ་རུལ་སུངས་ཚད་མེད་བྱས་པའི་ཐ་མ་ཁྲིམས་ལ་ཚུད་དེ། དེ་སྔའི་གོང་རིམ་དང་གཤམ་འོག་ལས་བྱེད་དབར་དང་། ཐ་ན་རང་གི་བཟའ་ཟླ་དང་ནང་མི་ཕན་ཚུན་སོ་སོའི་ཉེས་པ་དག་ཐབས་སུ། ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་དང་རྩིས་སྤྲོད་བྱེད་རེས་བྱས་པས་མཐའ་མ་རང་གཞན་གཉིས་ཕུང་གིས་ཁྲིམས་ཆད་ཕོགས་ཀྱི་ཡོད། ཉེ་བའི་ཆར་དྲ་རྒྱ་ཁག་ནང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བཏོན་པའི་སྙན་ཐོའི་ནང་། “ལོ་གཉིས་རིང་དཔོན་རིགས་འབུམ་གཉིས་ལྷག་ཁྲིམས་བཤེར་རྟག་དཔྱད་བྱས་པའི་ནང་མི་གྲངས་ལྔ་བཅུ་ལྷག་རྒྱ་ནག་དབུས་དམར་ཤོག་གི་བློན་ཆེན་རིམ་པའི་དཔོན་རིགས་ཡིན་པ་”དང་། དེའི་ནང་“ཀྲའུ་ཡུང་ཁང་དང་ཞུས་ཚལ་ཧོ་སོགས་ལ་ལྐོག་ཟ་བྱས་པའི་དངུལ་བྱེ་བ་མང་པོ་ཡོད་པ་མ་ཟད། ཚུལ་མིན་གྱི་འཆལ་སྤྱོད་བྱེད་ཡུལ་བེུད་༼ལོ་༢༠ནས་༣༠བར་༽བཞི་བརྒྱ་ལྷག་ཡོད་”པ་འཁོད་འདུག་ཅིང་། “ཉེ་ཆར་བོད་ལྗོངས་དྲ་རྒྱའི་ནང་འཁོད་གསལ་ལྟར་ན། ཕྱི་ལོ་༢༠༡༤ ལོ་གཅིག་ནང་བོད་རང་སྐྱོང་ལྗོངས་དམར་ཤོག་སྒྲིག་བཤེར་དང་ཞིབ་གཅོད་ཚན་པས་རྒྱ་ནག་དབུས་གཞུང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གྱོད་དོན་ ༢༠༡ ཞིབ་གཅོད་བྱས་ཁོངས་ནས་མི་ ༢༤༠ ཉེས་པ་བཅད་པ་དང་དེའི་ནང་མི་ ༡༣༨ ལ་ཏང་དང་སྲིད་འཛིན་གྱི་ཆད་པ་བཅད་ཡོད་”ཅེས་གསལ་བ་བཞིན། “བོད་གསར་པ”ཟེར་བའི་ལྷ་ས་སོོགས་གྲོང་ཁྱེར་ཆེ་ཁག་ཏུ་རྒྱ་མིས་བཙུགས་པའི་དེང་དུས་ཞང་ཁང་འདྲ་མིན་ནང་རྒྱ་ནག་གཞུང་གི་ལས་བྱེད་ཆེ་ཆུང་མང་པོས་ལྐོག་དངུལ་བླངས་ཏེ་འཆལ་སྤྱོད་སྤེལ་ལུགས་དེ་དག་དང་བསྡུར་ན། དེ་སྔའི་སྐུ་དྲག་གིས་བེུད་ལ་བརྙས་བཅོས་བྱེད་པ་ཟེར་བ་ནི་དོན་ཆུང་ཆེ་སྒྲོག་བྱས་པ་ཙམ་ལས་གླེང་རིན་གང་ཡང་མེད།
ལུང་ཤར་དོན་རྐྱེན་ཆེ་སྒྲོག་བྱ་ཐལ་དྲག་ན། རྒྱ་གཞུང་རང་གི་སྐྱོན་དེ་བས་མངོན་གསལ་ཐོན།
༥། ལུང་ཤར་དོན་རྐྱེན་སྐོར། བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་ནང་། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་གཙོས་བདེ་ལེགས་སྲས་སུ་རྫུས་པའི་གྲྭ་བཀྲིས་དོན་གྲུབ་སོགས་ “སྐྱིད་ཕྱོགས་ཀུན་མཐུན་”ནམ་༼ ལུང་ཤར་ལས་འགུལ་༽ཟེར་བའི་ཚོགས་པའི་ནང་ཡོད་པའི་སྐུ་དྲག་དང་གྲྭ་པ་ཁག་ཅིག་གིས་བཀའ་ཤག་ལ་ཁོང་ཚོའི་ཚོགས་པས་བཀའ་བློན་ཕེབས་སྟངས་སྐོར་ཕྲན་བུའི་བསྒྱུར་བཅོས་བྱ་འཆར་ལས་དམར་ཤོག་ལྟར་གསར་བརྗེ་བྱེད་ཚུལ་མ་ཡིན་སྐོར་གསད་བཀྲོལ་བྱེད་པར་རྩེ་ཕོ་ཏ་ལའི་རྡོ་སྐས་བར་ཡོང་བའི་སྐབས། དེ་མ་ཐག་ཀ་དང་གྲྭ་བཞི་དམག་གིས་འཇབ་རྒོལ་བྱས་ཏེ་འཛིན་བཟུང་བྱས་ཚུལ་དང་། དེ་བས་མི་རྣམས་ལ་སྡུག་ཚུལ་ལྟ་མི་བཟོད་པའི་དཔར་གཞི་ཞིག་བསྟན་ཡོད་པ་སྟེ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་སྣུམ་ཚ་པོ་བཟོས་རྗེས་རྡོ་ཞྭ་གཡོག་ཏེ་མི་འབྲས་གཉིས་བཏོན་པ་དེས་བོད་རྙིང་པ་ཆེས་ཀླ་ཀློ་དང་། གདུག་རྩུབ་ཟེར་བ་ག་ཚོད་ཡོད་མེད་བསྟན་ཁུལ་བྱས་འདུག
འོན་ཀྱང་། རྩོད་པ་མཁས་པོ་ལས་དོན་ངོ་མ་ནུས་ཤུགས་ཆེ། དེ་ལས་རྒྱ་ནག་དམར་གཞུང་གི་ཁྲིམས་གཅོད་གཏོང་སྟངས་དེ་དག་འཛམ་གླིང་ནང་གདུག་རྩུབ་ཆེ་ཤོས་ཡིན་པ་དེང་གི་རྒྱ་ཡིག་དྲ་རྒྱའི་(博讯)ནང་ཡོངས་བསྒྲགས་འགོད་སྤེལ་བྱས་འདུག་པའི་ནང་། “རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་རྒྱ་རིགས་ཀྲང་ཌ་ཤིན་གྱིས་མིག་རྩ་བཅད་པ་དང་། ཀྲུང་ཧད་ཡོན་གྱི་ཕོ་རྩྭ་བཀོག་པ། ལིས་ཅན་ལན་གྱི་འགྲམ་པ་ནད་ལྕེ་རྩེ་བར་སྙུག་ཟེར་བརྒྱབ་པ། ཀའོ་ཀྲེ་ཁྲེང་ལ་མནར་གཅོད་ཚད་མེད་བཏང་བ་”སོགས་དང་། བོད་ཀྱི་ཆབ་སྲིད་བཙོན་པ་མང་པོར་བཅར་རྡུང་བཏང་སྟེ་དབང་པོ་སྐྱོན་ཅན་བཟོས་པ་དང་། ཉེ་ཆར་བཙོན་ཁང་ནས་ཁྱིམ་དུ་སློག་པའི་བཙོན་པ་བསྟན་འཛིན་ཆོས་གྲགས་ཀྱི་གཙོས་པའི་བཙོན་པར་བཙོན་ཁང་ནང་མི་སྤྱོད་ལས་བྲལ་བའི་གདུག་རྩུབ་ཆེན་པོས་བཅར་རྡུང་དྲག་པོ་བཏང་སྟེ་གཟུགས་པོ་ཡོངས་ལ་རྨས་ཁེངས་ཤིང་། གྲམ་པའི་རུས་ཀོག་བཅག་ཡོད་པ་མ་ཟད། མགོའི་ཀླད་པ་ཡང་ཞོ་ནང་བཞིན་བཟོས་པར་བརྟེན་འདས་གྲོངས་སུ་གྱུར་ཡོད་སྐོར། དེ་སྔ་དང་འདི་ལོའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་བཏང་བའི་སྙན་ཐོའི་ནང་གསལ་པོར་འཁོད་འདུག དེ་བས་གསལ་སྟོན་བྱེད་དགོས་པ་ཞིག་ལ་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་དབང་བསྒྱུར་འོག་༼༡༩༤༩།༡༩༨༣ བར༽བོད་མི་ས་ཡ་གཅིག་དང་འབུམ་གཉིས་དུས་མིན་རྐྱེན་འདས་ཕྱིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ནས་ད་བར་བོད་ཆོལ་ཁ་གསུམ་ནང་བོད་མི་ ༡༣༦ གིས་རང་ལུས་མེར་བསྲེགས་བཏང་ནས་ཞི་བའི་ངོ་རྒོལ་བྱས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་ལ་འཛམ་གླིང་གི་ལོ་རྒྱུས་ནང་དུའང་མཐོང་དཀོན་པ་ཞིག་ཡིན་ན། ཆེས་གདུག་རྩུབ་དང་། ཆེས་ཀླ་ཀློ། ཆེས་མུན་ནག་སུ་ཡིན་དེ་ནས་མི་རྣམས་ཀྱི་སེམས་ནང་ལ་གསལ་རྟོགས་ཡོང་ངེས་ཡིན།༔
འཁྲབ་ཚན་ཕལ་མོ་ཆེ་གཞན་དཔེ་འདྲ་ཤུས་དང་ནང་འགལ་སྤུང་གསོག་གི་རྫབ་དོང་ལྟ་བུར་གྱུར་ཡོད་པ།
དེ་མིན་བོད་ཀྱི་གསང་སྒྲུང་ཞེས་པའི་ལེ་ཚན་རྒྱུན་མཐུད་ ༤༦ ཡོད་པ་དེ་དག་ཕལ་མོ་ཆེའི་ནང་བོད་མིའི་དེ་སྔའི་ཡ་རབས་བཟང་སྤྱོད་ཀྱི་ཀུན་སྤྱོད་དང་ལུགས་སྲོལ་ནང་མེད་པའི་རྒྱ་མི་རིགས་དང་མི་རིགས་གཞན་གྱི་མ་རབས་ཐ་ཤལ་གྱི་སྤྱོད་ཚུལ་མང་པོ་ཞིག་ཞྭ་དཔེ་ལྷན་འབེབས་ཀྱིས་བོད་མིའི་མགོ་ཐོག་ཏུ་དཔར་བཀབ་བྱས་འདུག་པ་དཔེར་ན། ༡། གྲྭ་བཀྲིས་ཀྱིས་བདེ་ལེགས་སྲས་འཆི་མེད་རྒྱལ་པོར་བརྗུས་པ། ༢། བཀའ་བློན་རིན་ཆེན་གྱི་སྲས་དགེ་ལེགས་ཟེར་བས་ལྐོག་ཏུ་མི་བཏང་སྟེ་འཆི་མེད་རྒྱལ་པོ་ཚུར་ལོག་ཡོང་སའི་ལམ་བར་ལྕགས་ཟམ་སྟེང་འབར་རྫས་བཞག་པ། ༣། གྲྭ་བཀྲིས་ཀྱིས་བདེ་ལེགས་སྲས་སུ་བརྫུས་ཏེ། “དཔའ་བོས་མཛེས་མ་སྐྱོབ་”ཚུལ། ༤། ཕྱག་མཛོད་དབང་ཕྱུག་ནས་ཇག་པ་དང་ངན་འབྲེལ་གྱིས་ཚེ་བདེ་སྐྱིད་ཀྱི་བུ་མོ་ལྷ་མཛེས་ཟེར་བ་བཙན་འཁྲིད་བྱས་ཚུལ། ༥། ཕྱག་མཛོད་དབང་ཕྱུག་གིས་དབྱེན་སྦྱོར་དཀྲུག་གཤིན་རྒྱབ་ནས་གྲྭ་བཀྲིས་གཟིམ་ཤག་ནས་འབུད་ཐབས་བྱས་ཏེ། དེའི་བར་ཁོ་པས་ཚེ་བདེ་སྐྱིད་དང་བདེ་ལེགས་གཟིམ་ཤག་རང་ལ་བདག་རྒྱུའི་རྨི་ལམ་བཏང་ཚུལ། ༥། བཀྲིས་ཀྱི་བུ་ཚབ་པདྨ་ཟེར་བ་དང་པོ་གྲྭ་པ་ཡིན་ཡང་སྐྱ་བབས་ནས་ལུང་ཤར་དོན་རྐྱེན་དང་ཐག་ཤོར་འདྲེན་འདྲུས་བྱུང་བའི་རང་གི་ཕ་སྲས་འཆི་མེད་རྒྱལ་པོར། མདའ་དཔོན་ཁང་གསར་གྱི་བཀོད་ཇུས་འོག་ཕ་བུའི་ལ་རྒྱར་མི་བརྩི་བར་འཛིན་བཟུང་བྱས་པར་ཀ་དང་གྲྭ་བཞི་དམག་སྒར་གྱི་བརྒྱ་དཔོན་དུ་བསྐོས་ཚུལ། ༦། བརྒྱ་དཔོན་པདྨར་ཡོན་ཏན་གཟིམ་ཤག་གི་སྲས་མོ་མེ་ཏོག་དང་གཉེན་སྒྲིག་བྱ་འཆར་ལ་དེའི་བར་ཞེད་སྣང་འཚེར་སྣང་མེད་པའི་ཁམས་པའི་བོུ་ཞིག་དང་དགའ་རོགས་སྒྲིག་ཚུལ། ༧། བདེ་ལེགས་གཟིམ་ཤག་གི་ལྕམ་ཆུང་གཉིས་པ་ནོར་སྒྲོན་ཟེར་བར་ཁང་གསར་གྱི་ ངན་ཇུས་འོག་ཕག་སྐྱག་ཟེར་བའི་པུ་ལི་སི་ཉེན་རྟོགས་དཔོན་དང་གབ་མཐུན་བྱས་ཏེ། བཀྲིས་དང་ཚེ་བདེ་སྐྱིད་གཉིས་རྒྱ་ནག་ཁྲེན་ཏུར་ཚོང་ལ་འགྲོ་བའི་ལམ་བར་ཇག་པ་དང་ངན་འབྲེལ་བྱས་ཏེ་ཁོང་གཉིས་གསོད་རྩིས་བྱས་ནས་བདེ་ལེགས་གཟིམ་ཤག་གི་ཁྱིམ་གཞིས་འཕྲོག་ཐབས་བྱས་ཚུལ། ༨། རྒྱལ་ཚབ་རྭ་སྒྲེང་དང་སྟག་བྲག་དབར་གྱི་འཐབ་རྩོད་ནང་སྟག་བྲག་གི་མགྲོན་གཉེར་དང་བཀའ་བློན་ཁང་གསར་དང་དེའི་རྗེས་འབྲངས་པ་ཕག་སྐྱག་གི་ངན་ཇུས་འོག་བོད་དམག་ཀ་དང་དམག་༼གྲྭ་བཞི་དམག་སྒར་༽གྱིས་རྒྱལ་ཚབ་རྭ་སྒེང་ཕོ་ཏ་ལའི་ཤར་ཆེན་ལྕོག་ཏུ་དཀྲོངས་པ་དང་དུས་མཉམ་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཡབ་ཀྱང་སྟག་བྲག་ཤོག་ཁས་དུག་ཕུལ་ནས་དཀྲོངས་ཚུལ། དེ་མིན་ ༩། རྒྱ་དམག་གིས་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་འབྲུ་དོན་ལྟར་བོད་ལ་ཡོང་ཚུལ་ལས་བཙན་འཛུལ་བྱས་མེད་ཚུལ། ༡༠། རྒྱ་དམག་ལྷ་སར་མ་འབྱོར་སྔོན་ནས་བོད་ཀྱི་སྐུ་དྲག་མང་ཆེ་བ་རྒྱ་གར་ལ་བྲོས་ཏེ་འབྲུ་རིགས་རྣམས་ལྐོག་ཏུ་སྦས་ཚུལ་གྱིས་རྒྱ་དམག་བོད་ལ་སླེབས་པའི་རྐྱེན་གྱིས་འབྲུ་རིགས་དཀོན་པོ་ཆགས་ནས་རིན་གོང་ལྡབ་ཀྱི་འཕར་ཚུལ། ༡༡། བཀའ་ཤག་ནང་ཁྲི་ཆང་རིན་པོ་ཆེས་གཙོས་སྲིད་བློན་ཀླུ་ཁང་བ་དང་བློ་བཟང་བཀྲིས། བཀའ་བློན་ཟུར་ཁང་སོགས་ནས་ཀ་སྦུག་ཏུ་ཡོད་པའི་ལྷ་སྲས་རྒྱ་ལོ་དོན་འགྲུབ་དང་ཞྭ་སྒབ་པ་བརྒྱུད་ཨ་རིའི་གསང་བའི་ལས་ཁུངས་དང་ངན་འབྲེལ་གྱིས་ཁམས་ཁུལ་ནས་དམངས་གཙོའི་བཅོས་བསྒྱུར་ལ་མི་འདོད་པའི་ངོ་ལོག་ཇག་པ་བསྡུ་རུབ་བྱས་ཏེ་ལྷ་གྲོང་དང་ལྷོ་ཁ་གཡས་གཡོན་ལ་སོགས་ངོ་ལོག་ཟིང་འཁྲུགས་སློང་ཚུལ་སོགས། མདོར་ན། གོང་གསལ་མང་ཆེ་བ་གཞན་དཔེ་འདྲ་ཤུས་ཀྱིས་འགལ་འདུ་དང་ནོར་འཛོལ། བཅོས་མ། འཕྱུགས་སྐྱོན་སོགས་ནང་འགལ་སྤུང་གསོག་གི་རྫབ་དོང་ལྟ་བུར་གྱུར་ཡོད་ཀྱང་། བྱ་ངན་ངོ་གསོར་འཁྱེར་མཁན་རྒྱ་ནག་གཞུང་དྲིལ་བསྒྲགས་ཀྱི་ལས་བྱ་དེ་ཚོའི་སྣང་བ་འཁྲུལ་ནས་གོང་གི་རྭ་གན་གསེར་རྫུས་ཀྱི་འཁྲབ་ཚན་དེ་དག་ལས་དེ་སྔའི་བོད་ཀྱི་ལམ་སྲོལ་དང་མི་རིགས་ལ་དམའ་འབེབས་འཁྱོག་བཤད་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། འཁོར་ཡུག་སོགས་གཏོར་བཤིགས་བཏང་བའི་དངོས་དོན་རྣམས་སྦ་གསང་གཡོ་འགེབས་བྱས་ཏེ། དེའི་ཚབ་ཏུ་རྒྱ་དམག་བོད་ལ་སླེབས་ནས་བོད་མིར་སྨན་བཅོས་བྱ་ཚུལ་གྱིས་མཚོན་པའི་བྲན་གཡོག་ལམ་ལུགས་ནས་བཅིངས་བཀྲོལ་བཏང་སྟེ། བོད་མིར་རང་ལུས་རང་དབང་དང་བདེ་སྐྱིད་འཐོབ་པ་སོགས་གུང་ཁྲན་ཏང་གིས་བོད་གསར་པ་འཛུགས་སྐྲུན་བྱས་ཚུལ་བཅས། མི་བདེན་རྫུན་སྒྲིག་དང་། འགྲོ་གྲོན་ཕངས་མེད་ཀྱིས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཀྱི་མཚོན་ཆ་ལྟ་བུའི་བརྙན་འཕྲིན་པར་གཞི་ཞིག་བཟོས་ཏེ་ཁོང་ཚོའི་དགོས་འདུན་ལྟར་གྲུབ་འབྲས་ཐོན་རེ་བྱས་འདུག
འོན་ཀྱང་། བློ་ཕམ་པ་ཞིག་ལ་རང་གི་བསམ་དོན་བཞིན་མ་འགྲུབ་པར། བརྙན་འཕྲིན་དེ་བོད་རྒྱ་སྐད་གཉིས་ནང་ཡང་སྐོར་བསྐྱོར་སྐོར་གྱིས་བསྟན་པའི་མཇུག་འབྲས་སུ། ཙི་ཙིར་ངན་བྱས། ཕ་ཁང་ལ་མེ་བརྒྱབ་ཅེས་གོང་དུ་བརྗོད་ཟིན་པའི་བོད་མིའི་ཁ་དཔེ་ལྟར་དེ་སྔའི་བོད་རྙིང་པ་རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་དགུས་ནག་པོ་ག་ཚོད་བཟོས་ཀྱང་ནག་པོ་མ་ཆགས་པར། དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་ཁོ་རང་ནག་པོ་ནག་རྐྱང་ལ་གྱུར་ནས་བོད་ཀྱི་དངོས་དོན་རྣམས་དཀར་ནག་ཕྱིན་ཕྱི་སློག་ཏེ། རྫུན་ཤོད་རྒྱུར་ངོ་མི་ཚ་བ་དང་། མི་གསོད་རྒྱུར་ཐེ་ཚོམ་མེད་པའི་ཆེད་གདུག་རྩུབ་དང་ཆེས་ཀླ་ཀློ། ཆེས་མུན་ནག་ཡིན་པའི་རང་ཚང་གསལ་བར་མངོན་པ་སྟེ། དེ་སྔའི་བོད་རྙིང་པའི་ནང་སྐུ་དྲག་དང་བོད་དམག་གིས་འབངས་མི་སེར་ལ་རྟ་ལྕགས་ཞུས་ཡོད་ནའང་། ད་ལྟའི་རྒྱ་ནག་གཞུང་གི་ཉེན་རྟོགས་པའི་ལག་ཏུ་གློག་རྒྱུགས་དང་། དམག་མིའི་ལག་ཏུ་མེ་མདའ་བཟུང་ནས་༼༸གོང་ས་ཏྭ་ལའི་བླ་མ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་༽ཅེས་འབོད་ཚིགས་སྐམ་པོ་ཞིག་སྒྲོགས་པར་དེ་མ་ཐག་འཛིན་བཟུང་གིས་གཅར་རྡུང་དྲག་པོ་བཏང་ཞིང་། མི་ཚེ་བཙོན་ཁང་དུ་བཅུག་པ། བོད་ཀྱི་རྒྱལ་ས་ལྷ་སས་དབུས་བོད་ས་ཡོངས་རྫོགས་དྲག་ཆས་སྤྲད་པའི་དམག་མི་དང་། ཉེན་རྟོག་པས་སྐོར་ཞིང་། ཁྲོམ་གཞུང་དང་ཁང་པའི་ཕྱོགས་བཞི་གང་སར་ལྟ་སྲུང་དཔར་ཆས་བཙུགས་པའི་དམ་བསྒྲགས་དང་། ཞིང་འབྲོག་ཁུལ་དུའང་ལས་དོན་རུ་ཁག་གིས་ལྟ་རྟོགས་ནན་པོའི་འོག་བོད་མི་རྣམས་རང་ལུས་རང་དབང་མེད་པའི་མི་སེར་སྤེལ་ཡུལ་གྱི་བཙོན་ཁང་ཆེན་པོ་ཞིག་ནང་གནས་པ་དང་གཉིས་སུ་མེད།
ཡང་ཕྱོགས་གཞན་ཞིག་ནས་གླེང་ན། རྒྱ་ནག་གཞུང་གིས་དུས་ཡུན་རིང་པོའི་ནང་བོད་ས་ཡོངས་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ། ༸གོང་ས་མཆོག་གི་དབུས་པའི་དེ་སྔའི་བོད་ཆོས་སྲིད་ཟུང་སྦྲེལ་སྐོར་གྱི་གནས་ཚུལ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྡེ་དཔོན་མི་དྲག དེ་སྔའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་དངོས་ཡོད་གནས་སྟངས་གོ་རྒྱུ་ཐོས་རྒྱུ་མེད་པ་བཟོས་དབང་དུ་བཏང་ཡང་། ད་རེས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་དགོས་དབང་ལྟར་ཉིན་ལྟར་དགོང་དྲོའི་དུས་ཚོད་ཡག་ཤོས་ནང་། བོད་ཀྱི་གསང་སྒྲུང་ཞེས་པའི་བརྙན་འཕྲིན་འཁྲབ་ཚན་བསྟན་པ་བརྒྱུད་བཙན་འོག་ཏུ་ཡོད་པའི་བོད་མི་རྣམས་ལ་༸གོང་ས་མཆོག་གི་མཚན་ཡང་ཡང་ཐོས་པ་དང་། དེ་སྔའི་བོད་ས་ཤར་ནུབ་གང་དུ་བསྐྱོད་ཀྱང་དེང་སང་ལྟར་དམག་མི་དང་ཉེན་རྟོག་པའི་ལྟ་རྟོག་ཞིབ་བཤེར་མེད་པར་རང་སྣང་གང་ཤར་གྱི་བསྐྱོད་ཆོག་པ། རང་གི་ཁ་ནས་སྡེ་པ་གཞུང་དང་སྡེ་དཔོན་མི་དྲག་ལ་རྒྱབ་བཤད་ག་ཚོད་བརྒྱབ་ཀྱང་དེང་སང་ནང་བཞིན་དེ་མ་ཐག་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོགས་དམག་གིས་མེ་མདའ་དང་གློག་རྒྱུགས་ཀྱིས་གཅར་རྡུང་བཙོན་འཇུག་བྱེད་མཁན་མེད་པའི་སྨྲ་བརྗོད་དང་འགྲོ་འོང་རང་དབང་ཡོད་པ། ཡང་ཡང་དྲན་གསོ་དང་མིག་གི་མདུན་དུ་ལྷང་ལྷང་འཆར་བཞིན་འདུག་ཅེས་དེང་དུས་ཀྱི་ཆར་འཕྲིན་དྲ་བ་དང་ལག་ཐོགས་ཁ་པར་ནང་ཐོན་ཡོད་པ་རེད།། །།