ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༢ རེས་གཟའ་ཕུ་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཨ་རིའི་ནུབ་ཕྱོགས་མཚོ་འགྲམ་གྱི་ས་ཁུལ་སེན་ཕེ་རེན་སིས་ཀོ་དང་། པོཌ་ལེནཌ། སི་ཡ་ཊེལ་བཅས་དང་། ཁེ་ཎ་ཌའི་གྲོང་ཁྱེར་ཝེན་ཁུ་ཝར་ནང་ཟླ་བ་འདིའི་ཕྱི་ཚེས་ ༥ ནས་ ༡༠ བར་ས་གནས་བོད་མི་ཚོར་ཐུག་འཕྲད་གནང་ཡོད་འདུག
དེ་ཡང་བཀའ་བློན་མཆོག་གིས་གོང་གསལ་ས་གནས་ཁག་གི་བོད་རིགས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བོད་མི་མི་རེ་ངོ་རེ་ནས་གཏིང་ཟབ་པོ་ཤེས་རྟོགས་དགོས་པའི་གནད་འགག་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་མི་རིགས་དང་འབྲེལ་བ་གཉར་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་འདུག་པ་མ་ཟད། གཟའ་མཇུག་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་གི་ཕ་མས་ངོས་ནས་བོད་རིགས་གཞོན་སྐྱེས་ཚོར་བོད་ཡིག་སློབ་རྒྱུའི་ལས་རིམ་ལ་བསྔགས་བརྗོད་དང་། གཞོན་སྐྱེས་ཚོའི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ཉར་ཚགས་ཐད་དམིགས་བསལ་དོ་སྣང་དགོས་པ། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི་འགོ་བཙུགས་པ་ནས་བཟུང་ད་བར་བོད་རིགས་གཞོན་སྐྱེས་ ༤༠ ལྷག་གིས་ལས་གཞིའི་ནང་དངོས་སུ་འཛུལ་ཞུགས་གནང་བར་བསྔགས་བརྗོད་དང་ལྷན་བོད་རིགས་གཞོན་སྐྱེས་གང་མང་ལས་གཞིའི་འདིའི་འཛུལ་ཞུགས་ཡོང་བའི་རེ་སྐུལ་ཡང་གནང་འདུག
གཞན་ཡང་བོད་མི་རྣམས་ནས་དཔྱ་དངུལ་འབུལ་དགོས་པའི་གལ་གནད་སྐོར་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་བྱེད་ཕྱོགས། དེ་བཞིན་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་སོགས་ཀྱི་ཐོག་ལ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་འདུག