ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅།།ཕྱི་ལོ་༢༠༡༥ ཟླ་ ༡ ཚེས་ ༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་འོག་རྡ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ ནས་སྣེ་ཁྲིད་དགེ་རྒན་དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༣༠༢ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ལགས་དང་། ཤེས་རིག་སྲོལ་རྒྱུན་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས། ཚན་རིག་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས། མདུན་ལམ་སློབ་སྟོན་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ། འབྲེལ་ཡོད་ལས་བྱེད་རྣམས་པ་ལྷན་འཛོམས་ཐོག་ཤེས་རིག་དྲུང་གཞོན་སྐལ་བཟང་མགོན་པོ་ལགས་ཀྱིས་ཟབ་སྦྱོང་གི་ལས་བསྡོམས་སྒྲོགས་སྦྱང་དང་སློབ་གྲྭ་སྡེ་ཁག་དྲུག་གི་སྐུ་ཚབ་སློབ་ཕྲུག་ཁག་གཅིག་གིས་ཟབ་སྦྱོང་དང་འབྲེལ་བའི་མྱོང་ཚོར་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོས་སྣེ་ཁྲིད་དགེ་རྒན་རྣམ་པར་ལེགས་གསོལ་མཇལ་དར་དང་སློབ་ཕྲུག་གི་ཕྱག་འཁྱེར་གནང་སྟེ་མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན། འདིར་འདུས་རྣམ་པ་ལྷན་རྒྱས་ལ་ཕྱི་དྲོ་བདེ་ལེགས་ཞུ་རྒྱུ་ཡིན། ཕྱི་ཚེས་ ༢ ནས་ ༩ བར་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཉིན་གྲངས་བརྒྱད་རིང་བརྗོད་གཞི་འདྲ་མིན་ཐོག་ཚོགས་ཐེངས་ ༢༢ ཙམ་ཚོགས་ཏེ་འགོ་ཁྲིད་ཀྱི་ངོ་བོ་དང་། འགོ་ཁྲིད་བྱེད་སྟངས། མ་འོངས་པར་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སྐོར་ལ་ཟབ་ཁྲིད་བྱས་ཡོད། དེ་རིང་མཇུག་བསྡོམས་སྐབས་ངས་དོན་ཚན་གཉིས་ཐོག་ཞུ་རྒྱུ་ཡིན། དོན་ཚན་དང་པོ་ནི། འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཡིན་པར་བརྟེན། འགོ་ཁྲིད་ཟེར་ན་གང་ཡིན་དང་། དེའི་ངོ་བོ། ངོས་འཛིན་གནང་ཕྱོགས་བཅས་ཚང་མས་ངེས་པར་དུ་སེམས་ལ་འཇགས་དགོས། དོན་ཚན་གཉིས་པ་ནི། རྣམ་པ་ཚོ་འཛིན་གྲྭ་བཅུ་པའི་སློབ་ཕྲུག་རྣམས་ཀྱི་སྐུ་ཚབ་བྱས་ནས་ཕེབས་པར་བརྟེན། ཐེངས་འདིའི་ཟབ་སྦྱོང་ནང་ཆ་ཤས་ལེན་མ་ཐུབ་མཁན་འཛིན་རིམ་བཅུ་པའི་སློབ་ཕྲུག་གཞན་རྣམས་ལ་ཟབ་སྦྱོང་རིང་ཤེས་བྱ་ཡོན་ཏན་གང་ཐོབ་པ་རྣམས་དང་། ཉམས་མྱོང་སོགས་ངོ་སྤྲོད་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཟབ་སྦྱོང་མཇུག་སྒྲིལ་གནང་ཡོད།།