༢༠༡༥ ཟླ་ ༡ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་མདུན་དུ་ལྷན་འཛོམས་ཀྱིས། རྒྱ་གར་གྱི་རྒྱལ་གླུ་འབུལ་མུར་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྟེ། རྒྱ་གར་གྱི་མང་གཙོའི་དུས་དྲན་(Republic Day)ཐེངས་ ༦༦ པ་སྲུང་བརྩི་ཞུས་ཡོད།
དུས་དྲན་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པ་ཚོར། རྒྱ་གར་མང་གཙོའི་དུས་དྲན་ཉིན་མོ་འདིར་ངས་སྐབས་ ༡༤ པའི་བཀའ་ཤག་གི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་དང་། ད་རེས་ཀྱི་ཉིན་མོ་འདིར་ཨ་རིའི་སྲིད་འཛིན་མཆོག་ཐེངས་དང་པོ་སྐུ་མགྲོན་ཏུ་ཕེབས་པར་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་བཞིན་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཀངྒ་ར་རྫོང་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་སའི་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་མང་གཙོའི་དུས་དྲན་མཛད་སྒོར་ཀངྒ་ར་རྫོང་ལས་ཁུངས་ཀྱིས་མགྲོན་འབོད་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། རྡ་ས་ས་གནས་འགོ་འཛིན་བཅས་ཕེབས་ཡོད།
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ཇི་ཨེས་བྷ་ལི་ (G.S Bali) མཆོག་གིས་རྒྱལ་དར་སྒྲེང་འཛུགས་གནང་བསྟུན། ཉེན་རྟོག་རུ་ཁག་དང་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་ཀྱི་ལམ་ནས་ཆེ་མཐོང་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་ནས་མཛད་སྒོའི་སྐུ་མགྲོན་རྣམས་ཀྱིས་རྒྱན་ཤོག་ཐོབ་མཁན་དྲིལ་བསྒྲགས་གནང་ནས་གསོལ་རས་གནང་ཡོད་པ་བཅས།།