ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ངག་དབང་འཆི་མེད་ལགས་ཀྱིས་བཏང་གནས་གནང་འཁོད་དོན། ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ཏེ་ཕྱི་ལོ་ ༢༠༡༤ ལོའི་ཉིན་མཐའ་མ་ཡིན་ཞིང་། ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་དཔལ་ལྡན་རང་གཞུང་བཀའ་ཤག་སྐབས་བཅུ་བཞི་པས་ཉིས་སྟོང་བཅུ་བཞི་ལོ་འདི་ནི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་བསྐྱངས་པའི་ལམ་སྟོན་ལྟར། གུས་འབངས་ཨ་རིའི་མི་ནི་སོ་ཊར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཡོངས་ནས་བཀའ་ཤག་གི་གསལ་བསྒྲགས་འདི་གལ་ཆེར་ངོས་འཛིན་དང་འབྲེལ་བཀའ་དྲིན་རྗེས་དྲན་ཇི་ལྟར་ཞུས་ལེགས་གོ་བསྡུར་ཐེངས་མང་དང་། བསམ་བློ་ཡང་ཡང་བཏང་བར། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེ་རྒུ་ཀུན་དང་། ལྷག་པར་རང་ཅག་བོད་འབངས་རྣམས་མ་ཡིས་བུ་ལ་བརྩེ་བ་ལྟར་ཐུགས་བརྩེ་བ་ཆེན་པོས་གཅེས་པར་བསྐྱངས་པའི་བཀའ་དྲིན་གྱི་ཕུང་པོ་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་བཀང་སྟེ་བསྐལ་པ་ཇི་སྲིད་དུ་ཕུལ་ཡང་གཞལ་བའི་སྐབས་མེད་པ་གསལ་རྟོགས་ཡོང་གི་འདུག འོན་ཀྱང་། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བྱམས་དང་། སྙིང་རྗེས་ཀུན་ནས་སླང་པའི་ཕན་བདེ་སྒྲུབ་རྒྱུ་དེ་ནི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐུ་ཆུང་ངུའི་དུས་ནས་ད་བར་བསྐྱངས་དང་སྐྱོང་བཞིན་པའི་མཛད་འཕྲིན་མཐའ་དག་གི་གཞི་རྩའི་རྨང་གཞི་ཡིན། དེ་ལྟར་འདི་ག་ས་གནས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཚོའི་བསམ་པར་གཞན་ཕན་གྱི་བྱ་བ་ཏིལ་འབྲུ་ཙམ་ཞིག་བྱེད་ཐུབ་པ་བྱུང་ན། དེ་ནི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དང་། དོན་དང་ལྡན་པའི་བཀའ་དྲིན་རྗེས་དྲན་ལ་ངོས་འཛིན་གྱིས་རྒྱ་གར་སྡེ་ར་ལྡུན་དུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། བཞུགས་སྒར་ཉེ་འདབས་སུ་ཆགས་པའི་སྙིང་སྟོབས་གླིང་དབང་པོ་སྐྱོན་ཅན་གཅེས་སྐྱོང་ཁང་། སྦེལ་ཀོབ་ཏུ་ཡོད་པའི་ཕན་བདེ་དགའ་ཚལ་གླིང་བཅས་དབང་པོ་སྐྱོན་ཅན་ལ་གཟིགས་རྟོགས་གནང་མཁན་སྡེ་ཚན་རེ་རེར་ཧིན་སྒོར་འབུམ་རེ་ཕུལ་སྟེ། ཨ་རིའི་མངའ་སྡེ་མི་ནི་སོ་ཊར་གནས་འཁོད་བོད་རིགས་ཡོངས་ནས་སྨྲ་ཤེས་དོན་གོ་བ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་ཀྱང་། ཚེ་སྔོན་ལས་དབང་གིས་དབང་པོ་སྐྱོན་ཅན་དུ་གྱུར་བ་རྣམས་ལ་ཕྱི་ལོ་གསར་པར་སྟོང་མིན་བསམ་མཚོན་གྱི་ཞལ་འདེབས་འདི་བརྒྱུད་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་པ་ཞུ་རྒྱུ་དང་ཆབས་ཅིག འདི་ག་ས་གནས་རྒྱུན་ལས་ཚོས་ས་གནས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་གུས་ཕྱག་དང་འབྲེལ་མཁའ་ཁྱབ་བསྟན་འགྲོའི་མགོན་དཔུང་དམ་པར་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཡོད་པ་བཞིན་༸ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་། འཕྲིན་ལས་ཀྱི་འོད་སྣང་དལ་འགྲོའི་རྒྱུན་བཞིན་དུ་སྩོལ་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་བཅས། མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས།།