༢༠༡༥ ཟླ་ ༡ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༣ ཞོགས་པའི་ཕྱག་ཚོད་ ༤ དང་ཕྱེད་ཀ་ཙམ་ལ་བྱང་ཨ་རིའི་གྲོང་ཁྱེར་སེ་ཨེ་ཊར་གཟིམ་ཤག་ནང་དགུང་གྲངས་ ༨༣ ལ་ཕེབས་པའི་མཁས་དབང་གདོང་ཐོག་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་ཡོད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། གྲོང་ཁྱེར་དེར་བཞུགས་པའི་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་༸སྐྱབས་མགོན་༸བདག་ཆེན་༸གོང་མ་རིན་པོ་ཆེ་མཆོག་དང་། དགོན་པའི་མཁན་སྤྲུལ་སྟོན་འཁོར་རྣམས་ཞབས་སོར་འཁོད་གནང་མཛད་དེ་གདུང་མཆོད་ཟབ་རྒྱས་ཕུལ་གནང་མཛད་ཡོད་པ་དང་། དེ་བཞིན་དམ་པ་དེ་ཉིད་ཀྱི་གདན་ས་གདོང་དགོན་རིག་གྲོལ་ཕུན་ཚོགས་གླིང་དང་། ས་དགོན་ཁག་གིས་གདུང་མཆོད་ཕུལ་བཞིན་ཡོད་པ་རེད།
འདི་ཟླའི་ཚེས་ ༢༡ ལ་གདུང་བཞུགས་འབུལ་རྒྱུ་ཐུགས་གཏན་ཁེལ་ཡོད་པ་རེད། མཁས་དབང་གདོང་ཐོག་རིན་པོ་ཆེ་མཆོག་ནི། ཁམས་དཀར་མཛེས་སུ་ཡབ་རྡོ་རྗེ་དང་། ཡུམ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༣ ལོར་སྐུ་འཁྲུངས་ཤིང་། དགུང་གྲངས་ལྔ་ལ་ཕེབས་སྐབས་༸དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་༸བདག་ཆེན་ངག་དབང་ཀུན་དགའ་རིན་ཆེན་གྱིས་གདོང་སྤྲུལ་སྐུ་ཐོག་ལྔ་པར་ངོས་འཛིན་གནང་བ་དང་། གདོང་ཐོག་དགོན་པར་ཁྲི་སྟོན་ཟབ་རྒྱས་གནང་རྗེས། བོད་ཡིག་འབྲི་ཀློག་བསླབ་པ་དང་། གདན་ས་གཙང་ངོར་མཁན་པོ་ཁྲི་པའི་མདུན་ནས་གསང་ཆེན་ལམ་འབྲས་དང་། ངོར་པའི་བཤད་གྲྭ་ནས་སུམ་སྙན་དག་གསུམ་དང་གཞུང་ཆེན་ཁག་ལ་གསན་སྦྱོང་གནང་། ཁམས་རྫོང་སར་བཤད་གྲྭ་ནས་གཞུང་པོད་ཆེན་དྲུག་དང་། རིག་གནས་ཁག་གསན་བཞེས་མཐར་ཕྱིན་ཏེ་མཁས་པའི་རྩེར་སོན་པ་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་སྐུ་མདུན་ནས་སྒྲུབ་ཐབ་ཀུན་བཏུས་ཀྱི་མཚོན་སྔགས་སྐོར་རྒྱ་ཆེར་གསན་བཞེས་མཛད། ས་སྐྱའི་གདན་ས་འོག་མ་གཙང་རྩེ་གདོང་སྲིད་གསུམ་རྣམ་རྒྱལ་གླིང་ནས་ངོར་ཁང་གསར་མཁན་ཆེན་མདུན་གསང་ཆེན་ལམ་འབྲས་སློབ་བཤད་ཆེན་མོ་གསན་བསམ་གནང་།
དེ་ནས་ཕྱི་ལོ་ ༡༩༥༧ ལོར་བཙན་བྱོལ་ལ་ཕེབས་ཏེ་ཧིནྡི་དང་དབྱིན་ཇི་སྐད་ཡིག་བསླབས་སྦྱོང་མཛད། ལྡི་ལི་བོད་ཁང་ནང་ལོ་བཅུ་གཉིས་ལ་རྩོམ་སྒྲིག་པའི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༩ ལོར་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གིས་གདན་ཞུས་ལྟར་བྱང་ཨ་རིར་ཕེབས་པ་དང་ས་པཎ་བཤད་སྒྲུབ་གླིང་ཕྱག་བཏབ། བོད་ཀྱི་རྒྱ་རབས་དང་། ས་སྐྱའི་ཆོས་འབྱུང་། དབྱིན་བོད་ཤན་སྦྱར་ཚིག་མཛོད། དབྱིན་བོད་ཀྱི་སྒྲ་གཞུང་ལ་སོགས་པ་གསུང་རྩོམ་མཁྱོན་ ༡༠༨ ལ་པོད་ཕྲེང་ཆེ་འབྲིང་ཆུང་གསུམ་སུམ་བཅུ་སོ་གྲངས་ལྗགས་བརྩོམས་མཛད་པ་སོགས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཆེད་ཞབས་འདེགས་རླབས་ཆེན་སྒྲུབ་གནང་མཛད་ཡོད་རེད།
དམ་པ་ཁོང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཞིབ་ཕྲ་མཁྱེན་འདོད་ཡོད་རིགས་ནས་བྱང་ཨ་རིར་བཞུགས་པའི་ས་སྐྱ་དགོན་པའི་མཁན་པོ་བྱམས་པ་བསྟན་འཕེལ་ལགས་སུ་ཞལ་པ་ཨང་གྲངས་ ༢༠༦༦༦༩༢༦༩༩ ཐོག་འབྲེལ་བ་གནང་སྐྱོང་ཡང་བ་ཞུ།