༢༠༡༤ ཟླ་ ༡༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་གྷོ་ཝར་ (Goa) ༢༠༡༤ ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ (Prestigious India Ideas Conclave 2014) ཞེས་པར་ལྷན་ཞུགས་ཀྱིས་གསུང་བཤད་གནང་འདུག
དེ་ཡང་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་རྒྱ་གར་དབུས་གཞུང་གི་བདེ་སྲུང་བློན་ཆེན་སྐུ་ཞབས་མ་ནོ་ཧར་པཱ་རི་ཀར་ (Shri Manohar Parrikar) མཆོག་དང་། མེ་འཁོར་བློན་ཆེན་སྐུ་ཞབས་སུ་རེཤ་པྲ་སྦུ་ (Shri Suresh Prabhu) མཆོག ཚོང་དང་བཟོ་ལས་བློན་ཆེན་ལྕམ་སྐུ་ནིར་མཱ་ལཱ་སི་ཐ་ར་མན་ (Nirmala Sitharaman) མཆོག གྷོ་ཝ་མངའ་སྡེའི་བློན་ཆེན་ལཀཤ་མི་ཀནཏ་པར་སེ་ཀར་ (Shri. Laxmikant Parsekar) མཆོག ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཚོགས་མི་ལྕམ་སྐུ་ཏུལ་སི་གྷེབ་བྷརཌ་ (Ms. Tulsi Gabbard) མཆོག་བཅས་ལྷན་ཞུགས་གནང་འདུག
རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་ཇི་པརཐ་སར་ཐི་ (G Parthsarthy) མཆོག་གིས་ལས་རིམ་གཙོ་སྐྱོང་ཐོག་ལྷོ་ཨེ་ཤི་ཡའི་ནང་ཞི་བདེ་རྒྱུན་གནས་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་མཁན་གྱི་ཁོངས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་འབྲུག་གི་སྲིད་བློན་ཟུར་པ་འཇིགས་མེད་འཕྲིན་ལས་མཆོག་དང་། ཨ་རིའི་ནང་ཤྲི་ལངྐའི་གཞུང་ཚབ་ཆེན་མོ་པྲ་སཏ་ Prasad མཆོག་བཅས་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལོ་རྒྱུས། ས་བབ། ཁོར་ཡུག་སོགས་ཀྱི་གནད་དོན་རྣམས་གསལ་སྟོན་གནང་སྟེ། ལྷོ་ཨེ་ཤི་ཡའི་ནང་ཞི་བདེ་རྒྱུན་གནས་བསྐྲུན་ཐབས་སུ་བོད་མཐོ་སྒང་གི་གནད་དོན་དེ་གལ་ཆེན་པོ་ཡིན་པ་དང་། ནང་པའི་ཆོས་དེ་དཔལ་ན་ལེནྡྲའི་རྒྱ་གར་མཁས་དབང་རྣམས་ཀྱིས་བོད་དུ་དར་སྤེལ་གནང་ཡོད་པ། དེ་བཞིན་བོད་ནི་ལོ་མང་རིང་རྒྱ་དཀར་ནག་གཉིས་དབར་བར་གནས་སུ་གནས་ཡོད་ཀྱང་། རྒྱ་ནག་གིས་ཞི་བདེའི་བར་གནས་སུ་གནས་པའི་བོད་ཆོས་ལྡན་གྱི་རྒྱལ་ཁབ་དེའི་ནང་ཕྱི་ལོ་ ༡༩༥༠ ལོར་བཙན་འཛུལ་བྱས་པ་མ་ཟད། འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་དབར་ཕྱི་ལོ་ ༡༩༦༢ ལོར་དམག་འཁྲུག་བྱུང་བ་ནས་བཟུང་རྒྱལ་ཁབ་གཉིས་དབར་ལོ་ལྟར་ས་མཚམས་ནང་བཙན་འཛུལ་གྱི་དངངས་འཚབ་མུ་མཐུད་བྱུང་བཞིན་ཡོད་སྐོར། གཞན་ཡང་ཁོར་ཡུག་གི་ཆ་ནས་བོད་དེ་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཨེ་ཤི་ཡའི་ནང་གཙང་ཆུ་གཙོ་བོ་བཅུའི་འབྱུང་ཁུངས་ཀྱང་ཆགས་ཡོད་པར་བརྟེན་ལྷོ་དང་ལྷོ་ཤར་ཨེ་ཤི་ཡའི་གནམ་གཤིས་དང་ཆར་རླུང་བབ་སྟངས་ཐད་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་ནི། བོད་རྒྱ་གཉིས་ཀར་ཕན་པའི་གྲོས་འཆར་ཞིག་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
གཞན་ཡང་ལྷན་ཚོགས་ཐོག་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་སུ་ཤི་མ་ས་ཝ་རཱཇ་ (Sushma Swaraj) མཆོག་དང་། གྷོ་ཝ་མངའ་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་མི་རི་ཌུ་ལ་སི་ན་མཆོག་རྣམ་གཉིས་ཀྱིས་གསུང་བཤད་གནང་ཡོད།
ལྷན་ཚོགས་དེ་ཉིད་གྷོ་ཝ་མངའ་སྡེ་གཞུང་དང་། རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་ (India Foundation) ཐུན་མོང་གིས་གོ་སྒྲིག་བྱས་ཡོད་པ་དང་། སྐབས་དེར་རྒྱ་གར་དབུས་གཞུང་གི་ནུས་ཤུགས་བློན་ཆེན་སྐུ་ཞབས་པི་ཡུ་ཤི་གོ་ཡལ་ (Piyush Goyal) མཆོག་གིས་གཙོས་གཞུང་ཚབ་པ་དང་། གསར་འགོད་པ། ཤེས་ཡོན་ཅན། སོལ་ཝི་ནི་ཡ་དང་། ནེ་ཌར་ལེན་ཌི། ཇོར་ཌེན། ལི་ཐུ་ནི་ཡཱ་བཅས་ཀྱི་སྲིད་བློན་ཟུར་པ་སོགས་འཛམ་གླིང་ཡུལ་གྲུ་ཁག་གི་གནད་ཡོད་མི་སྣ་ ༢༥༠ ལྷག་ཙམ་ལྷན་ཞུགས་གནང་ཡོད་པ་བཅས།།