ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅།།འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བྱང་རྩེ་གྲྭ་ཚང་གི་ཚོགས་ཁང་དུ་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་དེ་སྔའི་འཕྲོ་སྐྱོང་དབུ་འཛུགས་མཛད་སོང་།
དེ་ཡང་ཐོག་མར་བྱང་ཆུབ་ལམ་རིམ་བཀའ་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གཟིམ་ཆུང་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས།
དེ་རྗེས་༸གོང་ས་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ཤར་རྩེ་ཆོས་རྗེ་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་༸གོང་ས་མཆོག་གིས་ཐོག་མར་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་འབྲེལ་བྱེད་རྒྱུ་བྱས་པ་རེད། རྩ་བའི་དེ་རིང་བྱང་ཆུབ་ལམ་རིམ་ཁྲིད་ཆེན་ཕལ་ཆེར་ཡོངས་གྲགས་ཀྱི་ཡོད་དོ་ཅོག་ཅེས་ལབ་ཐུབ་ཀྱི་རེད། བླ་མ་མང་པོའི་དྲུང་ནས་ཐོབ་པ་དེ་དག་དེ་རིང་གཙོ་བོ་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རེ་འདུན་གནང་ནས་ལམ་རིམ་ཁྲིད་ཆེན་ཁག་གི་ཁྲིད་རྒྱུན་ཡོད་པ་རྣམས་བཤད་ལུང་བྱེད་རྒྱུ་རེད། ཧ་ལམ་ལོ་གཉིས་གསུམ་གོང་ནས་འགོ་བཙུགས་ནས་དེ་རིང་འཕྲོ་སྐྱོང་བྱེད་རྒྱུ་དེ་དག་ཞྭ་དམར་ལམ་རིམ་རེད། ཞྭ་དམར་ལམ་རིམ་བདེ་ལམ་གྱི་ཟིན་བྲིས་རེད། དེ་དང་ཞྭ་དམར་རིན་པོ་ཆེས་མཛད་པའི་རྗེའི་ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་མཆན་འགྲེལ་ཞིག་ཡོད། དེ་གཉིས་པོ་ངོས་ལ་ཨ་མདོའི་བླ་མ་ཞིག་གི་མདུན་ནས་ལེགས་པར་ཐོབ་ཡོད། དེ་ནས་སྐྱབས་རྗེ་བདེ་བར་གཤེགས་པའི་གསུང་རྒྱུན་དྲི་མ་མེད་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ལྗགས་ཁྲིད་གནང་བ་ལམ་རིམ་རྣམ་གྲོལ་ལག་བཅངས་རེད། སྐྱབས་རྗེ་རང་གི་དྲུང་ནས་ཐོབ་བྱུང་། དེ་རིང་འདི་གར་ཁྲིད་རྒྱུ་རེད། བསྡོམས་ན་ཕལ་ཆེར་ཤོག་གྲངས་ ༧༠༠ ཙམ་འདུག ཉིན་དྲུག་ལ་ཚར་རྒྱུ་ཕལ་ཆེར་ཁག་པོ་བྱེད་ས་རེད། གང་ཐུབ་ཐུབ་ཚར་བ་བྱས་ནས་མ་ཚར་བ་དེ་དག་ལོ་རྗེས་མ་མུ་མཐུད་རྒྱུ་བྱས། ལོ་རྗེས་མ་ཏན་ཏན་ཚར་བ་བྱ་རྒྱུ་ཡིན། དེ་རིང་ཆོས་ཞུ་བ་དེ་སྔ་ལོ་གཉིས་དང་འདྲ་བ་གདན་ས་གསུམ་གྱི་དགེ་འདུན་པ་གཙོ་བོར་གྱུར་བའི་དེ་བཞིན་བཀྲ་ཤིས་ལྷུན་པོ་རེད། སྦེལ་ཀོབ་ལ་ཆ་གཞག་ན་རྣམ་གྲོལ་གླིང་། དེ་དག་ཕལ་ཆེར་བཤད་གྲྭ་ཆེ་ཤོས་ཆགས་ཡོད།
གདན་ས་གསུམ་སྔ་མོ་བོད་རང་ནས་ཧ་ལམ་ལོ་ལྔ་བརྒྱ་དྲུག་བརྒྱ་ཕྱིན་ཡོད། རྩ་བ་གདན་ས་གསུམ་དབུས་ལ་ཡོད་ཀྱང་ཡན་ལག་དང་ཉིང་ལག་བོད་མཐའ་དབུས་ཡོངས་སུ་ཁྱབ་ནས། མཐའ་ན་ཆེན་པོ་ཧོར་གྱི་ཡུལ་ལའང་ཁྱབ་བས་ཧ་ཅང་ཁྱབ་ཆེན་པོ་རེད། དེ་བཞིན་བཀྲ་ཤིས་ལྷུན་པོ། ཁུ་ནུ་དང་ལ་དྭགས། ཧི་མཱ་ལ་ཡི་རི་རྒྱུད་ལ་ཧ་ཅང་ཁྱབ་ཆེན་པོ་ཡོད། པད་ནོར་རིན་པོ་ཆེར་མཚོན་ན་ཁམས་ཁུལ་དུ་ཀ་དཔེ་རྫོགས་གསུམ་དང་། ཀ་རྡོག དཔལ་ཡུལ། རྫོགས་ཆེན་ཞེས་འདུལ་བ་འཛིན་པ། གཞུང་ཆེན་བཅུ་གསུམ་གྱིས་མཚོན་པའི་གཞུང་དེ་དག་གི་བཤད་པ་ཡོད་པ་ཧ་ཅང་ཡག་པོ་རེད། གདན་ས་དེ་དག་རྒྱ་གར་དུ་ཚུགས་ནས་ལོ་རྒྱུས་ཡོད་པ་ཙམ་དུ་མ་ཟད། ཁ་ཡོད་ལག་ཡོད་ཀྱི་བསྟན་པའི་ཞབས་འདེགས་བསྒྲུབ་མཁན་ཟེར་བ་དེ་སངས་རྒྱས་ཀྱི་ཆོས་ཚུལ། མདོར་ན་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་རྒྱུས་ཡོད་བཟོས་ནས་དེ་དག་གི་དགོངས་དོན་རྒྱ་གར་མཁས་པའི་གཞུང་གིས་བསྟན་ལ་ཕབ་པ་དེ་དག་བྱམས་ཆོས་སྡེ་ལྔ་དང་དབུ་མ་རིག་ཚོགས་དྲུག་དེ་དག་གཙོ་བོ་རེད། བཀའ་འགྱུར་པོ་ཏི་བརྒྱ་ཙམ་ཡོད་པ་དེ་དག་ཁྲོད་རྒྱུད་སྡེའི་སྐོར་མང་པོ་ཞིག་ཡོད། རྒྱུད་སྡེའི་སྐོར་དེ་དག་རྩ་བ་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་གཞི་ལ་གཞག་ནས་ཡོང་གི་ཡོད། ལྷག་པར་ཏིང་ངེ་འཛིན་དེ་དག་གཞི་ལ་གཞག་ནས་ཡོང་གི་ཡོད།
གང་ལྟར་ཀླུ་སྒྲུབ་ཐོགས་མེད་ནས་མར་བརྒྱུད་ནས་ཡོང་བའི་གཞུང་དེ་དག་རྒྱུས་ཡག་པོ་ཞིག་ཡོད་ན། སྔགས་ཀྱི་གཞུང་དེ་དག་ལ་གོ་བ་གཏིང་ཚུགས་པ་ཞིག་ཆགས་རྒྱུ་རེད། གཞན་ལྷའི་རྣལ་འབྱོར་དང་ལྷ་སྐུ། དཀྱིལ་འཁོར་འདྲ་མིན་སྒོམ་རྒྱུ་ནི་ཕྱི་རོལ་པ་ལའང་ཡོད། ཁྱད་དུ་འཕགས་པ་ཞིག་དགོས། དེ་སྟོང་ཉིད་ཀྱི་ལྟ་བས་བྱེད་ཀྱི་ཡོད། སྟོང་ཉིད་ཀྱི་ལྟ་བ་ཤེས་སྒྲིབ་ཀྱི་གཉེན་པོ་འགྲོ་རྒྱུ་དེ་བྱང་ཆུབ་སེམས་ཀྱི་བྱེད་ཀྱི་ཡོད། དེར་བརྟེན་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་མེད་ན་སྔགས་ཉམས་ལེན་བྱས་ཟེར་རྒྱུ་་དེ་ཟློས་གར་འཁྲབ་པའི་བཟོ་འདྲ་པོ་ཞིག་ཆགས་རྒྱུ་རེད་མ་གཏོགས་ཞེ་དྲགས་ཁག་པོ་རེད། དེ་འདྲ་ཡིན་དུས་གཞུང་ཆེན་དེ་དག་ལ་ཁྱེད་ཚོས་སློབ་གཉེར་བྱེད་བཞིན་ཡོད། དངོས་གནས་ཁ་ཡོད་ལག་ཡོད་ཀྱི་བསྟན་པའི་ཞབས་འདེགས་སྒྲུབ་མཁན་ཞིག་ཆགས་ཡོད། དེ་རིང་དགེ་འདུན་པ་ཧ་ཅང་ཕོན་ཆེན་པོ་ཡོད་ས་འདིར་བསྟན་པའི་སྙིང་པོ་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་བྱ་རྒྱུའི་གོ་སྐབས་འདི་འདྲ་ཞིག་ངོས་ལ་ཐོབ་པར་ཧ་ཅང་སྐལ་པ་བཟང་པོ་ཡིན། ཆོས་འབྲེལ་དང་བཤད་ལུང་གི་རྒྱུན་ཐོབ་སོང་ཟེར་བ་ཙམ་གྱི་འགྲིག་གི་མེད། ལམ་རིམ་ནང་གི་ཁྲིད་ཡིག་གཙོ་བོ་དེ་ལམ་རིམ་ཆེན་མོ་འདི་རེད། ལམ་རིམ་ཆེན་མོ་དེ་བཀའ་སྡེ་སྣོད་གསུམ་གྱི་དོན་ཆ་ཚང་བསྡུས་ནས་བསམ་གྱི་མི་ཁྱབ་པ་རེད། ལམ་རིམ་ཆེན་མོ་རྩ་བར་བཞག་ནས་དེའི་ཟིན་བྲིས་ཁག་དེ་དག་ཁ་སྣོན་རྒྱག་རྒྱུ་ཡོད།
ལམ་རིམ་ཆེན་མོ་གཞི་མ་ཡག་པོ་ཞིག་ཚུགས་མེད་ན། ལམ་རིམ་ཟིན་བྲིས་ཐང་ངི་ཐུང་ངི་དེ་ཚོས་དེ་ཙམ་གྱི་ས་ཆོད་ཆེན་པོ་ཞིག་ཡོང་རྒྱུ་ཁག་པོ་རེད། དེར་བརྟེན་ལམ་རིམ་ཁྲིད་ཆེན་ཁག་དེ་དག་གུང་བསྒྲིགས་ནས་གཙོ་བོ་རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་ཆེན་མོ ཡག་པོ་ཤེས་པར་ཕར་ཕྱིན་ཡག་པོ་ཤེས་དགོས། དེའི་འོག་ཏུ་ལྷག་མཐོང་ཆེན་མོ་ཡག་པོ་ཤེས་པར་དབུ་མ་རྩ་འཇུག་གཞུང་ཡག་པོ་ཤེས་དགོས། དེར་བརྟེན་དཔེ་ཆ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ངོས་ཀྱིས་རྒྱུན་དུ་འདི་ལྟར་བརྗོད་ཀྱི་ཡོད། ང་ཚོ་དུས་རབས་ ༢༡ ནང་ཡོད། དུས་རབས་ ༢༡ ནང་བསླེབས་ནས་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན། ཚན་རིག་ཐོག་ནས་བདེན་དོན་འཚོལ་རྒྱུའི་ནུས་པ་དེ་ཡང་ཧ་ཅང་ཚད་མཐོན་པོར་བསླེབས་ཡོད། ཚན་རིག་པས་དངོས་སུ་བརྟག་དཔྱད་ཐོག་ནས་ར་འཕྲོད་པ་དེ་ཁས་བླངས་པ་མ་གཏོགས་གཅིག་གིས་ཟེར་གྱི་འདུག་ཟེར་ནས་ལམ་སེང་ཡིད་ཆེས་བྱེད་ཀྱི་མ་རེད། དེ་ཧ་ཅང་ཡག་པོ་འདུག ང་ཚོ་བོད་པ་ཚོར་མཚོན་ནའང་དེ་སྔ་ང་ཚོ་ལོ་བརྒྱ་ཕྲག་མང་པོའི་རིང་ལ་ས་ཁུག་ལུང་ཁུག་ནང་བསྡད་ནས་ཁོར་ཡུག་རྒྱ་ཆུང་ཆུང་ཞིག་ནང་བསྡད་ཡོད། ངོས་ཀྱིས་རྒྱུན་ལྡན་འདི་ལྟར་ཤོད་ཀྱི་ཡོད།
བོད་གངས་ཅན་ལྗོངས་ཀྱི་མཁས་པ་ཚོས་མཛད་པའི་གཞུང་དེ་དག་རྒྱ་འགྲེལ་གྱི་འགྲེལ་བ་རྩ་འཇུག་གི་རྣམ་བཤད་དེ་དག་དམིགས་བསལ་རེད། དེ་དག་རྒྱ་གཞུང་རེད། མ་གཏོགས་གཞན་བོད་ཀྱི་མཁས་པ་ཚོས་མཛད་པའི་གཞུང་དེ་དག་ཡག་པོ་བྱས་ནས་མཇལ་ན་ས་ཁུག་ལུང་ཁུག་ཞིག་ལ་ཆེད་དུ་བྱས་པའི་གདུལ་བྱ་དད་པ་རྩེ་གཅིག་ཡོད་མཁན་ཚོར་གསུངས་བཞག་པ་ཞིག་ཆགས་འདུག དེ་ངོས་ཀྱིས་མ་གུས་པ་གང་ཡང་མིན། རྒྱ་གར་མཁས་པའི་གཞུང་དེ་དག་དགག་བཞག་སྤང་གསུམ་བྱས་ནས་གསུངས་ཡོད། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤངས་བའི་ཐོག་ནས་གསུངས་ཡོད། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་བླ་མ་གོང་མ་ཚོས་མཛད་པའི་གཞུང་མང་པོ་ཞིག་ཁར་ཐུག་གི་གནས་སྟངས་ཤིག་གཞི་ལ་བཞག་ནས་གསུངས་པ་ཞིག་རེད་འདུག དཔེར་ན་ཇོ་བོ་རྗེའི་ལམ་སྒྲོན་ལ་མཚོན་ནའང་ཕལ་ཆེར་མངའ་རིས་ཀྱི་ས་ཁུལ་དེར་ཆོས་རྒྱལ་གྱི་གསོལ་འདེབས་ཞུ་སྐབས་ཆོས་ཟབ་མོ་མི་དགོས། ཆོས་ཏིག་ཏིག་གཅིག་གནང་རོགས་གནང་ཞེས་སྙན་སེང་ཞུས་ནས་ལམ་སྒྲོན་གསུངས་པ་ཞིག་རེད། དེར་བརྟེན་སྤྲོས་ནས་གསུངས་མེད། ཇོ་བོ་རྗེའི་གསུང་འགའ་ཤས་ནང་མངོན་སུམ་དང་རྗེས་དཔག་ཟེར་བ་དེ་དག་མུ་སྟེགས་པ་ཚར་གཅོད་རྒྱུར་དགོས་པ་མ་གཏོགས་གཞན་སྤྱིར་སྟངས་གལ་ཆེན་པོ་དེ་ཙམ་མ་རེད་མདོག་མདོག་གསུངས་འདུག དེའི་ཚེ་དེའི་དུས་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ཕེབས་པ་མ་གཏོགས། གཞན་ཇོ་བོ་རྗེ་རང་ཉིད་ཀྱིས་རྟོག་གེ་འབར་བའི་ཁྲིད་མང་པོ་གནང་གི་ཡོད་པའི་ལོ་རྒྱུས་ཡོད། རྒྱ་གར་མཁས་པའི་གཞུང་དེ་དག་ཐག་གཅོད་རྒྱུར་ཧ་ཅང་ཤུགས་ཆེན་པོ་ཡོད། དཔེར་ན་སྤྱོད་འཇུག་ལྟ་བུར་མཚོན་ན། དངོས་གནས་ཉམས་ལེན་གྱི་གནད་སྟོན་པའི་གཞུང་། བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུའི་གཞུང་སྤྱོད་འཇུག་ལས་ལྷག་པ་ཞིག་ད་བར་བྱུང་མེད།
དེ་རིང་འདིར་ཡུལ་གྲུ་འདྲ་མིན་ནས་ཆོས་ཞུ་བ་མང་པོ་ཞིག་ཕེབས་འདུག དེར་བརྟེན་དུས་རྒྱུན་སངས་རྒྱས་པའི་ཆོས་མ་འཆད་གོང་ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། དགེ་འདུན་པ་ཚོས་དེ་སྔ་གསན་ཟིན་པ་རེད། དེར་བརྟེན་རྣམ་པ་ཚོས་བསྐྱར་ཟློས་ཡང་ཟློས་བྱས་ནས་ཤོད་ཀྱི་འདུག་མ་དགོངས་རོགས། ཕྱོགས་གཅིག་ནས་དེ་སྔ་ཡོང་མ་མྱོང་བ་གསར་པ་མང་པོ་ཞིག་ཕེབས་ཡོད། གཉིས་ནས་གོང་དུ་བཤད་མ་ཐག་པ་ལྟར་གང་ལྟར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་བཅོམ་ལྡན་འདས་ཀྱི་ཆོས་ལ་དཔྱད་དགོས་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་འདི་ལྟར་གསུང་ཡོད། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བསླང་བར་བྱ་ཡིས་གུས་ཕྱིར་མིན། ཞེས་གསུངས་ཡོད། གསུང་འདི་ཧ་ཅང་ལྗིད་པོ་ཞིག་རེད། སྟོན་པ་གཞན་དེ་འདྲ་གསུང་མཁན་སུ་གཅིག་བྱུང་མེད། འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད། དུང་ཕྱུར་བཅུ་ཙམ་གྱིས་ཆོས་ཁས་མི་ལེན་མཁན་དང་ཆོས་ལ་ངོ་རྒོལ་བྱེད་མཁན་ཡོད། དེ་བཞིན་ཆོས་བྱེད་མཁན་ནང་ལའང་ཆོས་འབག་ལ་གྱོན་ནས་དོན་དག་ཚེ་འདིའི་ལྟོ་གོས་སྒྲུབ་མཁན་ཆོས་པ་མང་པོའི་ནང་འདུག སྔ་ལོ་ཡི་ཤུའི་བླ་ཆེན་པོབ་གསར་པ་མཆོག་བསྐོ་གཞག་གནང་རྗེས་ཇར་མན་ཡི་ཤུའི་བླ་མ་ཞིག་གནས་དབྱུང་བཏང་བ་རེད། རྒྱུ་མཚན་ནི་ཁོང་གི་སྡོད་ཁང་ནང་རྒྱས་སྤྲོས་ཧ་ཅང་བྱེད་བཞིན་ཡོད་འདུག དེར་བརྟེན་ཡི་ཤུའི་ཆོས་པ་ཚོས་ལྷ་ཁང་ནང་ཆོས་འཆད་སྐབས་འདོད་ཆུང་ཆོག་ཤེས་དགོས་སྐོར་གསུང་གི་ཡོད། དེ་དང་ཟློག་ནས་ཁོང་གིས་རྒྱས་སྤྲོས་བྱས་པར་བརྟེན་བླ་ཆེན་པོབ་མཆོག་གིས་གནས་དབྱུང་བཏང་བ་རེད། དེར་བརྟེན་འདིར་ཁྲི་རིན་པོ་ཆེ་མཆོག་དང་། གདན་སའི་མཁན་པོ་ཚོའང་འདིར་ཡོད། ཁྱེད་ཚོས་ཁུར་ཆེ་ཙམ་བླངས་ནས་ཁ་ཡོད་ལག་ཡོད་གཅིག་དགོས་པ་མ་གཏོགས། མེད་པ་གཅིག་ལ་ཡོད་མདོག་མདོག་བྱས་ནས་བསྡད་ན། བླུན་པོས་བླུན་པོ་མགོ་སྐོར་ཟེར་བ་དེ་ཆགས་རྒྱུ་རེད། བསྟན་པ་སྤྱི་ལ་གནོད་རྒྱུ་རེད། གང་བྱུང་བྱེད་མཁན་འདུག་ན་ཐུགས་རྗེ་ཆེ་ཟེར་ནས་གནས་དབྱུང་གཏོང་དགོས། གང་ཡིན་ནའང་ཁྱེད་ཚོས་ཡི་ཤུའི་བླ་ཆེན་ཚོར་དཔེ་ལྟ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་ཆོས་འབྲེལ་དབུ་འཛུགས་མཛད། སྔ་དྲོ་ཆུ་ཚོད་ ༨།༣༠ ནས་ ༡༡།༣༠ ཙམ་བར་ཆོས་ཐུན་གྲུབ་མཚམས་ཉིན་གུང་ལྗགས་སྨིན་མཛད། དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༡ ནས་ ༣ བར་མུ་མཐུད་ཆོས་འབྲེལ་མཛད་སོང་བ་བཅས་ཉིན་དང་པོའི་ཆོས་འབྲེལ་སྐོར་གྱི་གནས་ཚུལ་སྙིང་བསྡུས་སུ།།