༢༠༡༤ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷན་ཚོགས་སུ་ཆིབས་སྒྱུར་དང་སྟབས་བསྟུན། རོམ་ཁུལ་གྱི་བོད་མི་རྣམས་ཀྱི་ཞལ་མཇལ་བཀའ་སློབ་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་བོད་མི་ཁོང་རྣམས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ལྔ་བརྒྱ་བརྒལ་བར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རང་ཚོ་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་སྔ་བོད་ལ་ནང་ཆོས་མ་དར་གོང་བོད་པ་ཚོ་ཧ་ལམ་ཀླ་ཀློ་བརྗོད་ཀྱང་ཕལ་ཆེར་འགྲིག་གི་ཡོད། འབྲོག་པ་ལྟ་བུ་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་ལ་སྐབས་དེར་འགལ་རྐྱེན་འདྲ་བྱུང་ན་གསོད་རེ་བྱེད་པ་སོགས་དེ་འདྲ་བྱས་ཏེ་གནས་ཡོད། དེ་ནས་བོད་ལ་ནང་པའི་ཆོས་དར་བའི་རྗེས་བོད་མི་རིགས་དེ་ནི་དངོས་གནས་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་ཆགས་ཡོད། དེར་བརྟེན་དེ་རིང་འདིར་ཕེབས་པའི་བོད་དོན་ཐོག་དོ་སྣང་བྱེད་མཁན་ཁྱེད་རྣམ་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ཞེས་པ་དེ་ཕལ་ཆེར་འཛམ་གླིང་སྤྱིའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ལྟ་བུ་རེད། ངོས་ཀྱིས་དུས་རྒྱུན་བོད་ཀྱི་སངས་རྒྱས་པའི་གཞུང་དེ་དག་དུམ་བུ་གསུམ་དུ་ཕྱེ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། ཚན་རིག་དང་། ལྟ་གྲུབ། ཆོས་ཕྱོགས་བཅས་ཀྱི་སྡེ་ཚན་བྱས་ཏེ་སྡེ་ཚན་གསུམ་དུ་ཕྱེ་ཡི་ཡོད། ཆོས་ཕྱོགས་ཀྱི་སྡེ་ཚན་དེ་ནང་པར་མ་གཏོགས་འབྲེལ་བ་མེད། ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་དེ་འཛམ་བུ་གླིང་སྤྱི་ལ་འབྲེལ་བ་ཆགས་ཀྱི་ཡོད། དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་དགོས་པ་ཆེན་པོ་ཞིགས་ཆགས་ཀྱི་འདུག དེར་ཁྱེད་རང་ཚོས་ད་ལྟ་བར་དོ་སྣང་གནང་ཡོད་པ་དེར་མུ་མཐུད་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན།
ཕལ་ཆེར་ལོ་གསུམ་ཙམ་ནས་ང་ཚོས་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོད་ཁོངས་ནས་ཚན་རིག་གི་སྡེ་ཚན་དེ་ཕྱོགས་སྒྲིག་བྱས་ཏེ་བོད་ཡིག་ནང་ཚར་བ་རེད། དེ་དབྱིན་ཡིག་ཐོག་བསྒྱུར་རྒྱུ་དེ་ཕལ་ཆེར་ཚར་ལ་ཉེ་ཡོད། དེ་བཞིན་དེ་དག་རྒྱ་ཡིག་དང་། ཧིན་དྷི། ཉི་ཧོང་། ཀོ་རི་ཡན། སོག་པོ། ཨུ་རུ་སུ། ཇར་མན་བཅས་སོགས་ཀྱི་ནང་བསྒྱུར་རྒྱུར་ཚོགས་པ་ཁག་ནས་འགོ་བཙུགས་ཀྱི་ཡོད། རྗེས་སུ་ཁྱེད་རང་ཚོས་ཨི་ཊ་ལིར་བསྒྱུར་ཐུབ་ན་ཡག་པོ་ཡོང་ངེས་རེད། ཚན་རིག་སྡེ་ཚན་དེ་རྒྱལ་སྤྱིར་རེད། དེའི་ནང་སེམས་ཁམས་རིག་པའི་སྐོར་དེ་ཞིབ་ཚགས་པོར་འགྲེལ་བཤད་ཡོད་དུས་ཏན་ཏན་ཕན་ཐོགས་ཡོང་གི་རེད་སྙམ་གྱི་འདུག དེ་དག་སྡེ་ཚན་འདི་ལྟར་ཕྱེ་ཡོད། ཤེས་བྱ་ཡུལ་གྱི་རྣམ་གཞག ཡུལ་ཅན་བློའི་རྣམ་གཞག བློས་ཤེས་བྱ་རིག་ཡོང་སྐབས་ཐོག་མར་མཐའ་གཅིག་འཛིན་གྱི་ལོག་ཤེས། དེ་ནས་ཐེ་ཚོམ། ཡིད་དཔྱོད། དེ་ནས་རྗེས་དཔག་ཚད་མ། བཅས་བྱས་ཏེ་ཡུལ་འཇལ་སྟངས་དེ་བློར་རིམ་པས་དངོས་ཡོད་གནས་ཚུལ་ཤེས་པ་གཏིང་ཟབ་ཏུ་འགྲོ་ཐུབ་རྒྱུ་ཞིག་དང་། འཇལ་བྱེད་ཀྱི་བློས་ཡུལ་འཇལ་བྱ་གཏན་ལ་ཕབ་ཡོང་སྐབས། འཇལ་བྱ་མཐོང་བ་མངོན་འགྱུར། ཅུང་ཟད་ལྐོག་འགྱུར། ཤིན་ཏུ་ལྐོག་འགྱུར་ཞེས་ཡོད་དུས། ཅུང་ཟད་ལྐོག་འགྱུར་འཇལ་རྒྱུར་མཐའ་གཅིག་འཛིན་གྱི་ལོག་རྟོག་སེལ་རྒྱུ། དེ་ནས་ངེས་པ་འདྲེན་པའི་གཏན་ཚིགས་རིག་པ་བཅས་དེ་ཚོའི་གྲས་དེབ་དེའི་ནང་བཀོད་ཡོད། དེ་ལྟ་བུ་རྟགས་དང་གསལ་བའི་འགྲོ་སྟངས་དེ་ཕྱོགས་གླང་ཆོས་གྲགས་ཀྱི་དགོངས་པ་བོད་ཡིག་ནང་ཡོད་པ་དེ་ནང་པའི་གཞུང་གི་ནང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་རྒྱུར་བཀོད་ཡོད། འོན་ཀྱང་དེ་གནས་ཚུལ་ཞིབ་འཇུག་བྱེད་སྟངས་ཤིག་རེད་མ་གཏོགས་དེ་ཡིན་ཅིག་ནང་པ་ཡིན་དགོས་ཀྱི་མེད། སྔ་མོ་མུ་སྟེགས་པའི་གཞུང་ནང་གཏན་ཚིགས་རིག་པའི་སྐོར་ཤུགས་ཆེན་པོ་འདུག
དེ་སྔ་ང་ཚོ་རྒྱ་གར་ལྷོ་ཕྱོགས་སུ་ཚན་རིག་པ་དང་ལྷན་ཚོགས་འདུ་ཞིག་ཚོགས་སྐབས། ཚན་རིག་པ་ཚོས་གདན་ས་ཁག་གི་ཆོས་རྭར་རྟགས་གསལ་གཏོང་སར་གཟིགས་སྐོར་ཕྱིན་ཡོད། རྗེས་སུ་ང་ཚོ་ཚོགས་འདུ་ཚོགས་སྐབས་ཚན་རིག་པ་གཅིག་གི་གཅིག་ལ་བགྲོ་གླེང་བྱས་ཏེ་དྲི་བ་དྲིས་ལན་བྱེད་སྐབས་ཚན་རིག་པ་གཅིག་ཉམས་ཀྱི་སྒོ་ནས་ལག་པ་བརྡབ་སྟེ་རྟགས་གསལ་གཏོང་སྟངས་ལྟར་བྱས་སོང་། འོན་ཀྱང་སྐད་དེ་དབྱིན་སྐད་རྒྱག་གི་ཡོད་སྟབས་ཐལ་དང་ཕྱིར་ཞེས་པ་དབྱིན་སྐད་ལ་གོམས་མེད་ཀྱང་ལག་པ་བརྡབ་སྟེ་དྲི་བ་དྲིས་སོང་། དེ་ལྟར་དངོས་ཡོད་གནས་ཚུལ་གཏན་ལ་ཕབ་རྒྱུ་དང་ཞིབ་འཇུག་བྱེད་རྒྱུར་གཏན་ཚིགས་རིག་པའི་འགྲོ་སྟངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་བརྗོད་ཀྱི་འདུག དེ་ནས་ཁྱེད་རང་ཚོ་དགེ་འདུན་པ་མང་པོ་ཞིག་ཕེབས་འདུག ཁྱེད་རང་ཚོ་དེ་དག་གིས་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་ཚབ་བྱེད་ཀྱི་ཡོད། ལུས་ལ་གྲྭ་ཆས་བཅངས་ཡོད་སྟབས་སངས་རྒྱས་པའི་ཆོས་ཀྱི་ངོ་ཚབ་བྱེད་མཁན་ཞིག་ཆགས་ཡོད། དེར་བརྟེན་ཁྱེད་རང་ཚོས་ད་བར་ཡག་པོ་བྱས་འདུག ད་དུང་མུ་མཐུད་ཧུར་ཐག་བྱེད་རོགས་ཞེས་བརྗོད་རྒྱུ་ཡིན།
གཞན་དེང་རེང་ཁ་སང་རྗེ་བཙུན་མི་ལས་གསུངས་པ་ལྟར། ཕྱི་ཆོས་པའི་གཟུགས་སུ་སྣང་བ། ནང་ཆོས་པར་མ་ངེས་པ། ཞེས་གསུངས་པ་དེ་རྗེ་བཙུན་མི་ལས་སྣང་ལ་མ་ངེས་པར་མཚན་གཞི་འདི་བཞག་པ་རེད། དེ་ལྟ་བུ་ཡོང་གྲབས་ཡོང་གྲབས་བྱེད་ཀྱི་འདུག ལྷག་པར་དེང་སྐབས་བོད་ནང་ཆོས་པ་ཡིན་ཞེས་རྒྱ་ནག་ནང་ཆོས་དད་ཡོད་མཁན་ཚོའི་ནང་ཕྱིན་ཏེ་ཆོས་བཙོངས་ནས་རྒྱུ་བཟོ་རྒྱུ་དང་། བུད་མེད་བསྟེན་རྒྱུ་སོགས་བྱེད་མཁན་དེ་འདྲ་ཡོད་པ་ངོས་ནས་ཉེ་ཆར་གོ་ཐོས་བྱུང་། དེ་ཚོའི་གྲས་དེ་སོ་སོ་རང་ཉིད་འདི་ཕྱི་གཉིས་ཕུང་བྱས་པ་ཙམ་མ་ཟད། བསྟན་པ་སྤྱིའི་མཚན་ལ་ཧ་ཅང་གནོད་ཀྱི་འདུག དེ་ཚོའི་གྲས་ཀྱིས་བསྟན་པ་སྤྱི་ལ་བསམ་བློ་མ་འཁོར་ཡང་། སོ་སོ་རང་ཉིད་འདི་ཕྱི་གཉིས་ཕུང་བྱེད་བཞིན་བསྡད་ན་ཡག་པོ་མེད། དེར་བརྟེན་ཚང་མས་གཟབ་གཟབ་བྱེད་རོགས་ཞེས་ཞུ་རྒྱུ་ཡིན། ཁྱེད་རྣམ་པ་ཚོ་བརྒྱུད་ནས་བོད་ནང་ཡོད་མཁན་གྱི་སེར་སྐྱ་མི་མང་ཚང་མར་འདི་གཅིག་ཞུ་འདོད་བྱུང་། དེང་སང་བསྟན་པ་ཉག་ཕྲ་བའི་དུས་ཚོད་ལ་ང་རང་ཚོས་བཅོམ་ལྡན་འདས་ཀྱི་ན་བཟའ་གྱོན་ནས་བཅོམ་ལྡན་འདས་ཀྱི་ཞབས་འདེགས་རྒྱུའི་ཚབ་ལ་ཞབས་མར་འདྲེན་རྒྱུའི་ལས་ཀ་བྱས་ན་ཧ་ཅང་ཐབས་སྡུག་རེད། དེ་འདྲ་མི་ཡོང་བར་ཚང་མས་ཧུར་ཐག་བྱེད་རོགས་བྱེད་ཅེས་གཙོ་ཆེ་ཤོས་བོད་ནང་གི་བོད་མི་ཚོར་ངོས་ནས་བརྗོད་བཞིན་ཡོད། དེ་ཞེ་དྲགས་གལ་ཆེན་པོ་ཡིན། གཞན་ཡང་ཉེ་ཆར་ངོས་རང་ལ་གྲོགས་པོ་ཁ་ཤས་ཐུག་བྱུང་། སྐབས་དེར་བོད་སྟོད་ཁུལ་དུ་བཟའ་གསུམ་བྱས་ནས་སྡོད་མཁན་འདུག་ཅེས་བརྗོད་བྱུང་། སྦུན་མཆེད་བུ་སྤུན་གཉིས་གསུམ་ལ་མནའ་མ་གཅིག་བྱས་ཏེ་བཟའ་གསུམ་སྒྲིག་སྟེ་འཚོ་བ་སྐྱེལ་མཁན་ད་ལྟའང་ཡོད་པ་འདྲ། དེ་ཚོ་འཚམ་པོ་མེད། ཆེ་ས་ནས་བཤད་ན་མི་རིགས་འཕེལ་རྒྱས་ཀྱིས་མཚོན་གང་ཅིའི་ཐད་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱ་ཆེ་སྩལ་ཡོད།།