༢༠༡༤ ཟླ་ ༡༢ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་ལོ་དེའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུམ་ལམ་ཞུས་ཡོད། དེ་ནི་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་གོང་འཕེལ་དང་དེང་སྐབས་རྩོད་རྙོག་དེ་དག་འཚེ་བ་མེད་པའི་ལམ་ནས་སེལ་ཐབས་ཀྱི་མཛད་རྗེས་ལ་ངོས་འཛིན་ཞུ་ཆེད་གཟེངས་རྟགས་དེ་འབུལ་ལམ་ཞུས་འདུག འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུམ་ལམ་ཞུས་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བཞིན་ཡོད་སྟབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ཞུགས་སྒར་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུན་ཞབས་ཝིར་བྷདྲཱ་སིངྒ་མཆོག་དབུ་ཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བོར་གྱུར་བའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་སེར་སྐྱ་རྒན་གཞོན་བཅས་ཚང་འཛོམས་ཐོག་དམིགས་བསལ་མཛད་སྒོ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་ཟིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཛད་སྒོ་གོ་སྒྲིག་ཞུ་ཕྱོགས་ཐད་གསུང་དོན།
ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ཕྱི་ལོ་ ༡༩༨༩ ལོར་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། འདི་ལོ་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་བ་ལྟར། བཀའ་དྲིན་རྗེས་དྲན་ཚོགས་ཆུང་ཞེས་པ་ཞིག་བཙུགས་ཏེ་ད་བར་ལས་རིམ་མང་པོ་སྤེལ་ཡོད་པ་མ་ཟད། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གྱི་ལས་རིམ་དེ་ཡང་གོ་སྒྲིག་ཞུ་བཞིན་ཡོད་སྟབས། དུས་དྲན་འདི་ཕྱོགས་གང་ཅིའི་ཐད་ནས་གལ་འགངས་ཆེན་པོ་ཞིག་ཆགས་ཡོད།
ཕྱི་དྲིལ་ལས་ཁུངས་ངོས་ནས་དུས་སྟོན་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་འདི་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་ཆགས་ཡོད་པ་མ་ཟད། དམངས་གཙོའི་སྤྱི་ཚོགས་ཤིག་ཀྱང་ཆགས་པའི་བརྒྱུད་རིམ་དག་གསལ་སྟོན་བྱས་པའི་ ༼བཙན་བྱོལ་ནང་གི་བྱུང་བ་བརྗོད་པ།༽ཞེས་པའི་དཔེ་དེབ་ཅིག་དང་། ༸གོང་ས་མཆོག་གི་བཀའ་དྲིན་འོག་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པའི་བརྒྱུད་རིམ་གཙོས། ༸གོང་ས་མཆོག་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྲིད་སྐྱོང་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག རྒྱ་གར་གྱི་གྲོགས་པོ་ཁག་གཅིག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་ཀྱིས་རྩོམ་བྲིས་ཞུས་པའི་ ༼༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ལ་བསྟོད་པ་༽ (His Holines 14th Dalai Lama A Tribute) ཞེས་པའི་དབྱིན་ཡིག་གི་དཔེ་དེབ་ཅིག དེ་བཞིན། ད་བར་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཐོག་ཆིབས་སྒྱུར་དང་། ཁོང་ལ་ཆེ་བསྟོད་གཟེངས་རྟགས་རིགས་ཕུལ་བ་བཅས་ཀྱི་མཛད་རྣམ་མདོར་བསྡུས་བཀོད་པའི་༼༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་མོ་མཆོག་ལ་རྗེས་དྲན་༽ (His Holines 14th Dalai Lama A souvenir ) ཞེས་པའི་དབྱིན་ཡིག་གི་དཔེ་དེབ་བཅས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུ་འབྱེད་གནང་རྒྱུ་ཡིན། ཞེས་གསུངས།
སྤྱིར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མཛད་སྒོར་ལྷན་ཞུགས་གནང་ནས་དཔེ་དེབ་ཁག་གཅིག་དབུ་འབྱེད་གནང་རྒྱུ་ཡིན་ནའང་དེང་སྐབས་མངའ་སྡེའི་དགུན་ཁའི་གྲོས་ཚོགས་ཀྱི་ལས་རིམ་འགྲོ་མུས་ལ་རྟེན་དཔེ་དེབ་དབུ་འབྱེད་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་དུས་དྲན་གྱི་ངོ་སྤྲོད་གསུང་བཤད་གནང་བསྟུན། སྤྱི་ཁྱབ་བློན་ཆེན་མཆོག་ཕྱིར་ཕེབས་གནང་རྒྱུ་དང་། དེ་རྗེས་སྲིད་སྐྱོང་མཆོག་གིས་དཔེ་དེབ་གཞན་ཁག་གཅིག་དབུ་འབྱེད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ངོས་ནས་སྲི་ཞུ་ལས་བྱེད་ཞབས་ལོ་ ༢༥ ལོན་པ་ཁག་གཅིག་ལ་གཟེངས་བསྟོད་ཕྱག་འཁྱེར་འབུལ་ལམ་ཞུ་རྒྱུ་དང་། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ། རྡ་སྟེང་དང་རྡ་ཤོད་བོད་ཁྱིམ། དཔེ་སྟོན་སློབ་གྲྭ་སོགས་ནས་གཞས་སྣ་གཟིགས་འབུལ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་སྐུ་མགྲོན་རྣམ་པར་གསོལ་སྟོན་ཞིག་གཤོམ་རྒྱུ་ཡིན་འདུག དེ་ཡང་སྔ་དྲོའི་མཛད་སྒོ་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་ལེགས་པར་གྲུབ་རྗེས་ཧི་མཱ་ལ་ཡིའི་དུས་སྟོན། ཞེས་ཉིན་གཉིས་རིང་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་ནང་འགྲེམས་སྟོན་དང་ཚོང་ཟོགས་འགྲེམས་སྟོན། དེ་བཞིན་ལས་རིགས་འདྲ་མིན་ལམ་ནས་ཧི་མཱ་ལ་ཡིའི་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག