༢༠༡༤ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཉེར་ལྔ་འཁོར་བ་དང་སྟབས་བསྟུན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་ཧཌ་ Dilli Haat ཞེས་པའི་སྤྱི་གླིང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དང་། ལྡི་ལི་བསམ་ཡས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་གཙོ་འགན་བཞེས་ཐོག་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་དང་། བོད་མིའི་སྒྲིག་འཛུགས་ཟུང་འབྲེལ་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ནས་ ༡༥ བར་ཉིན་གྲངས་ལྔ་རིང་བོད་ཀྱི་དུས་སྟོན་ཞེས་བོད་ཀྱི་རིག་གཞུང་འགྲེམས་སྟོན་གོ་སྒྲིག་ཞུས་ཏེ་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཉེར་ལྔ་འཁོར་བ་དང་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག
དེ་ཡང་ཕྱི་ཚེས་ ༡༠ ཉིན་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Sheila Dikshit མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག Mr CG Suprasanna, Joint Resident Commissioner of Karnataka Bhavan,New Delhi ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག དེ་བཞིན་མི་མང་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། དགེ་འདུན་པ་ཁག་གཅིག་གིས་ལྷ་སྲུང་རྣམས་ལ་འཕྲིན་སྐུལ་སྒྲུབ་རྗེས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་ཁང་གི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བོད་ཀྱི་རྒྱལ་གླུ་བཏང་རྗེས་ལྡི་ལི་དོན་གཅོད་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་། བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་ཆོས་རིག་བཀའ་བློན་མཆོག་དང་སྐུ་མགྲོན་གཙོ་བོ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་།
དུས་སྟོན་འདིའི་ནང་རཇ་པུར་ས་སྐྱའི་ཆོས་སྒར་གྱི་དགེ་འདུན་པ་ཁག་གཅིག་གིས་བཞེངས་སྐྲུན་གནང་བའི་དཀྱིལ་འཁོར་སྐོར་དང་། ནོར་གླིང་མཐོ་སློབ་ནས་ལག་ཤེས་དང་སྐུ་ཐང་ཁག་ཚོང་འགྲེམས། བདེ་སྐྱིད་གླིང་གཞིས་ཆགས་དང་རཇ་པུར་ནས་རུམ་གདན་དང་པང་གདན་འཐག་སྟངས་སྐོར། བོད་ཀྱི་སྨན་རྩིས་ཁང་ནས་བོད་ཀྱི་གསོ་རིག་སྨན་གྱི་སྐོར། ཕྱི་དྲིལ་འགྲེམས་སྟོན་ཚན་པས་༸གོང་ས་མཆོག་གིས་སྐུའི་རླབས་ཆེན་མཛད་ཁུར་གསུམ་སྐོར་པར་རིགས་འགྲེམས་སྟོན་གནང་ཡོད།