༢༠༡༤ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ལྷག་པ་སྟེ། ལྷག་དཀར་གྱི་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཉེར་ལྔ་འཁོར་བ་དང་བཀའ་ཤག་སྐབས་བཅུ་བཞི་པས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མཛད་སྒོ་སྲུང་བརྩི་ཞུ་བ་དང་སྟབས་བསྟུན། སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་སུ་དྷིར་ཤརྨ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞན་ཡང་སྲི་ཞུའི་ལས་བྱེད་ཀྱིས་གཙོས་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བའི་ཁྲོད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གིས་ཕྱི་དྲིལ་ལས་ཁུངས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་གསུམ་དབུ་འབྱེད་གནང་བའི་དཔེ་དེབ་དེ་གསུམ་གྱི་ངོ་སྤྲོད་སྙིང་བསྡུས།
༡)བཙན་བྱོལ་ནང་གི་བྱུང་བ་བརྗོད་པ།
བཙན་བྱོལ་ནང་གི་བྱུང་བ་བརྗོད་པ་ཞེས་པའི་དེབ་འདི་ནི། བཀའ་ཤག་སྐབས་ ༡༤ པས་ཕྱི་ལོ་ ༢༠༡༤ ལོ་འདི་ནི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུའི་ལོར་གཏན་འབེབས་གནང་བ་བཞིན་། ཕྱི་དྲིལ་ལས་ཁུངས་ནས་མགོན་པོ་གང་ཉིད་མཆོག་ཕྱི་ལོ་༡༩༥༩ ལོར་བཙན་བྱོལ་དུ་༸ཞབས་སོར་འཁོད་དེ་བཙན་བྱོལ་བོད་མི་འབུམ་ཕྲག་བརྒལ་བར་གཞིས་ཆགས་དང་སློབ་གྲྭ དགོན་སྡེ་ཁག་སོགས་གསར་འཛུགས་མཛད་པ་དང་། བོད་མིའི་གཞུང་འདི་མང་གཙོའི་གཞུང་ཞིག་ཏུ་བསྒྱུར་གནང་མཛད་དེ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་ཞིག་ང་ཚོས་དངོས་སུ་མཐོང་ཆོས་སུ་གྱུར་བ་འདི་ནི་མགོན་པོ་གང་ཉིད་མཆོག་གིས་མཛད་འཕྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་སོགས། དེབ་འདིའི་ནང་༸གོང་ས་མཆོག་གིས་ཕྱི་ལོ་༢༠༡༡ ལོར་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་ཚོར་རྩིས་སྤྲོད་མ་མཛད་བར་གྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་སྐབས་ཀྱི་གལ་ཆེའི་བྱུང་བ་ཁག་དང་། བླང་དོར་བཀའ་སློབ་ཁག་ཕྱོགས་སྒྲིག་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་སླད་པར་སྐྲུན་ཟིན་པ་འགྲེམས་སྤེལ་ཞུ་བཞིན་ཡོད།
༢) ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ལ་བསྟོད་པ།
༸གོང་ས་མཆོག་གི་བཀའ་དྲིན་འོག་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པའི་བརྒྱུད་རིམ་གྱིས་གཙོས། ༸གོང་ས་མཆོག་གིས་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཚུལ་དུ་སྲིད་སྐྱོང་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག རྒྱ་གར་གྱི་གྲོགས་པོ་ཁག་གཅིག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་ཀྱིས་རྩོམ་ཡིག་བྲིས་པ་ཕྱོགས་སྒྲིག་ཞུས་ཡོད།
༣) ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ལ་རྗེས་དྲན།
ད་བར་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཐོག་ཆིབས་སྒྱུར་ཇི་བསྐྱངས་དང་། མགོན་པོ་གང་ཉིད་མཆོག་ལ་རྒྱལ་སྤྱིའི་དབུ་ཁྲིད་དང་ཚོགས་སྡེ་ཁག་ནས་ཆེ་བསྟོད་གཟེངས་རྟགས་རིགས་འབུལ་ལམ་ཞུས་པ་ཁག དེ་བཞིན་རྒྱལ་སྤྱིའི་ཐོག་ཆོས་ཕྱོགས་དང་དེ་མིན་དབུ་ཁྲིད་ཆེ་ཁག་མཇལ་འཕྲད་གང་དང་གང་དུ་མཛད་སྐོར། གཞན་ཡང་དུས་དབང་ཇི་ཙམ་སྩལ་དང་ས་གནས་གང་དུ་སྩལ་བ་བཅས་ཀྱི་མཛད་རྣམ་མདོར་བསྡུས་བཀོད་ཡོད།