༢༠༡༤ ཟླ་ ༡༢ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གར་རྒྱ་གར་བྱང་ཕྱོགས་མ་ཧ་ར་ཤི་ཊ་མངའ་སྡེའི་ན་སིག་བོད་མི་བདེ་དོན་མཐུན་ཚོགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ན་སིག་ཏུ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་ཚོགས་པའི་ལས་ཁུངས་ཀྱི་མདུན་ཐང་དུ་མི་མང་ཚང་འཛོམས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རིམ་བཞིན་་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས། ༸རྒྱལ་བའི་ཞབས་བརྟན་དང་། ལྷ་སྲུང་གི་འཕྲིན་སྐུལ། བསང་གསོལ་བཏང་རྗེས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་ཆེད་མཆོད་མེ་དང་། སྒྲོལ་མ། མ་ཎི་གསོག་བསྒྲུབ་གནང་། དེ་རྗེས་ན་སིག་བོད་མི་བདེ་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། དེ་བཞིན་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ན་སིག་ཁུལ་གནས་སྡོད་བོད་མི་རྣམས་འདུ་འཛོམས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུས་ཏེ། ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་དོན་དང་འབྲེལ་བའི་དྲིལ་བསྒྲགས་རྒྱ་ཆེ་བྱས་ཐུབ་པ་བྱུང་ཡོད། དེ་རྗེས་མར་མེ་ཁྲོམ་སྐོར་གནང་སྟེ་ལས་རིམ་མཇུག་བསྒྲིལ་གནང་ཡོད།།