༢༠༡༤ ཟླ་ ༡༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ། “International Shugden Community” ཟེར་བའི་མིང་འདོགས་འོག་ནང་པ་འགའ་ཤས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ཁྱད་གསོད་དང་གཞི་མེད་སྐྱོན་བརྗོད་ཀྱི་མཚན་སྨད་ཞུ་ཆེད་ངོ་རྒོལ་སྐད་འབོད་བྱས་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ International Campaign for Tibet ཧ་ཅང་བློ་ཕམས་ཡོད། དོལ་རྒྱལ་སྐོར་ཁུངས་ལྡན་གྱི་གནས་ཚུལ་གང་ཡིན་ནང་པའི་མཁས་དབང་ཚོས་ཐག་གཅོད་གནང་དགོས་པ་ལས་དེའི་ཐོག་ང་ཚོས་གང་ཡང་ཞུ་རྒྱུ་མིན། འོན་ཀྱང་ཁོ་པ་ཚོའི་བྱ་སྤྱོད་དེས་བོད་སྤྱིའི་རྩ་དོན་ལ་ཧ་ཅང་གནོད་སྐྱོན་བཟོ་བཞིན་པ་དེས་ང་ཚོར་སེམས་འཚབ་ཆེན་པོ་ཡོང་བཞིན་འདུག ཡ་ང་སྙིང་རྗེ་མེད་པའི་རྒྱ་ནག་གི་སྲིད་དབང་གདུག་རྩུབ་ཅན་དེའི་འོག་གཞིས་ཞུགས་བོད་མི་རྣམས་མུ་མཐུད་དཀའ་སྡུག་མྱོང་བཞིན་ཡོད་པ་དེ་ལྟར་ནའང་། ཁོང་ཚོས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པའི་དགོས་འདུན་བཏོན་ནས་རང་སྲོག་ཚུན་ཆད་བློས་གཏོང་གནང་བཞིན་ཡོད།
རྒྱ་མིས་བོད་ནང་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་འགྲིག་ཆགས་ཡོང་ཐབས་ཇི་ཙམ་བྱས་ཀྱང་ད་བར་ལམ་ལྷོང་གང་ཡང་བྱུང་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་པར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་ནས་༸གོང་ས་མཆོག་དང་བོད་མིའི་དབར་གྱི་འབྲེལ་བ་འདི་རྒྱང་ཐག་རིང་དུ་གཏོང་ཐབས་བྱས་དང་བྱེད་མུས་ཡིན། དེར་བརྟེན་ཤུགས་ལྡན་ཚོགས་པའི་བྱ་སྤྱོད་དེས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་སྲིད་བྱུས་དོན་ཁྱོལ་ཡོང་བར་རམ་འདེགས་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་དེར་ངོ་རྒོལ་རྔམ་སྟོན་བྱས་ཡོད། སྲིད་བྱུས་འདི་ད་དུང་ཡང་མུ་མཐུད་གནས་ཡོད། དོལ་རྒྱལ་རྗེས་འབྲང་པ་ཚོས་རང་གི་མངོན་འདོད་བསྒྲུབ་ཆེད་ཁོ་ནར་དམིགས་ཏེ་ཁོ་པ་ཚོར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་ཚུལ་སོགས་སྙད་འདོགས་སྣ་ཚོགས་བྱས་ནས་མང་ཚོགས་ཁྲོད་དམ་ཚིགས་དང་མགོ་རྙོག་བཟོ་ཐབས་བྱེད་བཞིན་ཡོད། ཤུགས་ལྡན་སྐོར་གྱི་གནད་དོན་འདི་ཧ་ཅང་རྙོག་འཛིང་ཆེ་བས་མང་ཚོགས་རྣམས་ཀྱིས་གནས་ཚུལ་ཞིབ་ཕྲ་མཁྱེན་སླད་ཉམས་ཞིབ་གནང་གལ་ཆེ་བར་བརྟེན། ཏཱ་ལའི་བླ་མའི་དྲ་རྒྱ་དང་། (www.dalailama.com)བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ། (www.tibet.net)དེ་བཞིན་བོད་ཁང་གི་དྲ་རྒྱ་(http://shugdeninfo.com/)བཅས་ནང་གླེང་གཞི་ཅན་གྱི་དྲེགས་པ་དེའི་བྱུང་རབས་ལོ་རྒྱུས་ཞིབ་ཕྲ་གསལ་འདུག ད་ལྟའི་དུས་སྐབས་འདིར་ང་ཚོས་བོད་མིའི་ཆོས་དང་རིག་གཞུང་གསོན་པོ་གནས་ཐབས་བྱ་རྒྱུ་གལ་གནད་ཆེ་ཤོས་སུ་རྩིས་ནས་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ཐོག་ཞིབ་རྩད་བྱ་རྒྱུ་དེ་ཡིན། དོལ་རྒྱལ་རྗེས་འབྲང་པ་ཚོས་དོམ་དམ་གྱིས་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་སེམས་འཚབ་ཡོད་ན། རང་དོན་ཁོ་ན་སྒྲུབ་རྒྱུའི་གུ་དོག་གི་བསམ་བློ་དོར་ནས་གཞིས་ཞུགས་བོད་མི་དཀའ་སྡུག་མྱོང་བཞིན་པ་དེ་དག་གི་དཀའ་ངལ་ཆུང་དུ་གཏོང་ཐབས་བྱེད་དགོས། འོན་ཀྱང་ཁོ་པ་ཚོས་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་ཁོ་ནའི་ཆེད་ནུས་པ་གང་ཡོད་འདོན་ཐབས་བྱེད་བཞིན་ཡོད། ཅེས་ངོས་ལེན་བྱས་ཡོད།