༢༠༡༤ ཟླ་ ༡༡ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་གཙུག་ལག་སློབ་གྲྭའི་ཡན་ལག་ཨིནྡྲཱ་པྲ་སི་ཐཱ་བུད་མེད་མཐོ་སློབ་ཏུ། Indraprastha College for Women བོད་ཀྱི་ཉིན་མོ་ ‘A Day for Tibet’ ཞེས་པའི་ལས་འགུལ་གྱི་ཆ་ཤས་སུ་འཕགས་འབོད་འབྲེལ་མཐུད་ལས་ཁང་ (ITCO) གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བུད་མེད་སློབ་ཕྲུག་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་འདུག
སྐབས་དེར་ཁོང་གིས་བོད་ཀྱི་ལོ་རྒྱུས་སྤྱི་དང་། ལྷག་པར་དེང་སྐབས་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་མི་ཚོའི་གནས་སྟངས་གང་འདྲ་ཡོད་པ་བཅས་ཀྱི་སྐོར་གསུང་དོན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་སྟབས་ད་ཆ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༣༢ ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། དེང་སྐབས་རྒྱ་ནག་གཞུང་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་བོད་མི་ཚོས་སྙིང་སྟོབས་ཞུམ་མེད་ཐོག་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་འགོ་ཁྲིད་དང་ལྷན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།
གཞན་ཡང་སྐབས་དེར་ཇེ་ཨེན་ཡུ་གཙུག་ལག་(JNU)སློབ་གྲྭའི་ནང་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་འབུམ་རམ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་མཐོ་སྒང་བོད་ཀྱི་ཁོར་ཡུག་དེ་ལྷོ་ཨེ་ཤི་ཡར་གལ་གནད་ཇི་ཙམ་ཆེ་ཚུལ་དང་། རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་མཐོ་སྒང་བོད་ཀྱི་གནམ་གཤིས་ལ་ཕན་གནོད་གང་འབྲེལ་མིན་སྐོར། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་ཚོད་མེད་བྱེད་བཞིན་པ་དང་། བོད་ཀྱི་རྒྱུག་ཆུ་ཁག་ལ་ཆུ་མཛོད་རྒྱག་བཞིན་པ། བོད་མི་འབྲོག་པ་རྣམས་རྩ་ཐང་ནས་བཙན་དབང་འོག་ཕྱིར་འབུད་བཏང་ནས་གཞིས་ཆགས་གསར་རྒྱག་ནང་གནས་སྤོ་བྱེད་བཅུག་པ་སོགས་ཀྱི་རྗེས་འབྲས་ངན་པ་ཇི་བྱུང་སྐོར་སོགས་ངོ་སྤྲོད་གནང་འདུག ཕྱོགས་མཚུངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཆར་སློབ་སྟོན་གཞོན་པ་ལྕམ་སྐུ་རཱ་ཤི་ཇོ་ Ms. Rashi Jauhiལགས་ཀྱིས་བཙན་བྱོལ་བོད་མིའི་འཐབ་རྩོད་སྐོར་དང་འཛམ་གླིང་ལོ་རྒྱུས་ཁྲོད་སློབ་ཕྲུག་ཚོས་ལས་འགུལ་སྤེལ་ནས་གྲུབ་འབྲས་ཇི་བྱུང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དེས་རྒྱ་གར་ལ་ཕན་གནོད་ཇི་ལྟར་འབྲེལ་ཚུལ་སྐོར་སོགས་ཞིབ་ཕྲ་གསུངས་པ་མ་ཟད། རྒྱ་གར་བ་ཚོས་ཀྱང་འཚེ་མེད་ཞི་བའི་ལམ་ནས་བོད་དོན་ལ་རྒྱབ་སྐྱོར་ཇི་ལྟར་གནང་ཐུབ་མིན་རང་གི་མྱོང་ཚོར་དང་སྦྲགས་ནས་གསུངས། ལྷན་ཚོགས་སྐབས་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་པོས་བོད་ཀྱི་ཁོར་ཡུག་སོགས་ཀྱི་སྐོར་ལ་དྲི་བ་འདྲ་མིན་བཏང་འདུག