༢༠༡༤ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་རྒྱུ་མིན་པའི་རྣམ་འགྱུར་གསལ་པོ་བསྟན་རྗེས་ཡུལ་དེའི་གྲོང་ཁྱེར་ཀེབ་ཊ་ཨོན་ Cape Town ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༤ འཚོགས་འཆར་ཡོད་པ་དེར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བུད་མེད་རྣམས་ཀྱིས་གཙོ་འགན་འོག་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཞན་ཁག་གཅིག་བཅས་ཀྱིས་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་ལ་སྐྱོན་བརྗོད་གནང་བར་བརྟེན། ལྷན་ཚོགས་ཐེངས་ ༡༤ ཚོགས་མ་ཐུབ་པར་ཕྱིར་བསྡུ་གནང་དགོས་ཐུག་ཡོད། དེར་བརྟེན་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༦ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༤ པ་དེ་ཨི་ཊ་ལིའི་རྒྱལ་ས་རོམ་ Rome ནང་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༢།༡༤ བར་ཚོགས་རྒྱུ་ཡིན་ཞེས་བསྒྲགས་འདུག གཞན་ཡང་གསལ་བསྒྲགས་དེའི་ནང་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཨིག་ན་ཛིའོ་མ་རི་ནོ་མཆོག་ Mayor Ignazio Marinoགིས་གདན་ཞུས་ལྟར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༤ རྒྱལ་ས་རོམ་ནང་ཕྱི་ཟླ་ ༡༢ ཚེས་ ༡༢།༡༤ འཚོགས་གཏན་ཁེལ་ཡོད། ཅེས་འཁོད་པ་མ་ཟད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྲངས་ ༢༢ ཆིབས་སྒྱུར་བསྐྱང་གཏན་ཁེལ་ཡོད་ཁོངས་ནས་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་མཆོད་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ Archbishop Desmond Tutu མཆོག་དང་ཨི་རན་གྱི་བུད་མེད་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ Shirin Ebadi མཆོག ལ་ཡི་བྷེ་རི་ཡའི་འཚེ་མེད་ཞི་བའི་ལས་འགུལ་བ་ལྕམ་སྐུ་ལེ་མ་གྷ་བྷོ་ཝེ་ Leymah Gboweeམཆོག དེ་བཞིན་ཡ་མེན་ (Yamen) ནས་ཏ་ཝ་ཀོལ་ཀར་མན་ Tawakkol Karman མཆོག་དང་། བྱང་ཕྱོགས་ཨ་ཡིར་ལེན་ཌི་ནས་ལྕམ་སྐུ་མེ་རི་ཌི་མ་གྷོར་ Mrs. Mairead Maguire མཆོག་དང་བྷེ་ཊི་ཝིལ་ཡེམ་སི་ Betty Williams མཆོག ཤར་ཊི་མོར་གྱི་སྲིད་འཛིན་ཟུར་པ་ར་མོ་སི་ཧོར་ཏ་ President José Ramos-Horta མཆོག ཌེ་ཝི་ཌི་ཊིམ་བྷེལ་ David Trimble མཆོག གཞན་ཡང་ལྷན་ཚོགས་སྐབས་པོ་ལེན་ཌིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེག་ཝ་ལེ་ས་ President Lech Walesa མཆོག་སོགས་ཆེད་ཕེབས་གནང་རྒྱུ་ཡིན་འདུག
སྤྱིར་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ཨ་རི་བ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇུ་ཌི་ཝིལ་ཡེམ་སི་མཆོག་དང་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་རྣམ་གཉིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་བདེན་པའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་མཚོན་སླད་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དབུ་བཞུགས་ཐོག་མཛད་སྒོར་ལྷན་བཅར་ཞུས་ཏེ་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཚུད་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོན་མཆན་འབུལ་ལམ་ཞུ་རྒྱུ་མིན་པའི་རྣམ་འགྱུར་གསལ་པོ་བསྟན་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། གལ་ཏེ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༤ ལྷོ་ཨ་ཕི་རི་ཀའི་ནང་ཚོགས་པ་ཡིན་ན་དེར་མཉམ་ཞུགས་གནང་རྒྱུ་མིན་ཞེས་བསྒྲགས་ཡོད།
.