༢༠༡༤ ཟླ་ ༡༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་། ལྡི་ལི་གསར་པ་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཐུན་མོང་གི་གོ་སྒྲིག་ཐོག་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་ཏུ་བཙན་བྱོལ་བོད་མིའི་བཟོ་ཚོགས་ཁག་ལ་ཚོགས་པའི་ཁྲིམས་སྒྲིག་སྐོར་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༣ དང་ ༡༥ བཅས་ཉིན་གྲངས་གཉིས་རིང་ཟབ་སྦྱོང་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཆོས་སྐྱོང་དབང་ཕྱུག་ལགས། དེབ་སྐྱེལ་ཡོད་པའི་ཚོགས་པ་ཁག་གི་འཐུས་མི། བཟོ་ཚོགས་ཁག་གི་ཚོགས་གཙོ་དང་འགན་འཛིན། སྦེང་ལོར་ལྷོ་སྤྱི། ས་གནས་འགོ་འཛིན་ཁག་གཅིག སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་རྒྱུན་ལས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་ནང་སྲིད་བཀའ་བློན་མཆོག་གིས་དབུ་འབྱེད་གསུངས་བཤད་གནང་དོན།
ཐོག་མར་ངས་ནང་སྲིད་ལས་ཁུངས་ཀྱི་དབུས་ས་གཉིས་ཀྱི་ལས་བྱེད་ཡོངས་རྫོགས་དང་། ལྷག་པར་ད་རེས་ཟབ་སྦྱོང་འདིར་མཉམ་རུབ་གནང་མཁན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཐུན་མོང་གི་ཚབ་ཞུས་ཏེ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་བོད་མིའི་བདེ་རྩ་ཆེད་ད་བར་སྐུ་ལས་བསྐྱོན་པར་རྗེས་སུ་ཡི་རང་དང་། གུས་ཕྱག་སྔོན་དུ་ཕུལ་བ་དང་། དེ་བཞིན་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་རང་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུས་པ་དང་ཆབས་གཅིག་ཁོང་རྣམ་པའི་རེ་འདུན་དེ་དག་སྙིང་ལ་བཅངས་པའི་ཐོག་ནས་དུས་རྒྱུན་དུ་ལས་འགན་སྒྲུབ་དང་སྒྲུབ་མུས་ཡིན།
ཕྱི་ཚེས་ ༡༣ དང་ ༡༥ ཉིན་གྱི་ཟབ་སྦྱོང་དེ་བཞིན་ནང་སྲིད་ལས་ཁུངས་དང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཐུན་མོང་ཐོག་གོ་སྒྲིག་ཞུ་བཞིན་ཡོད། ཕྱི་ཚེས་ ༡༤ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མིའི་ཁྱབ་ཁོངས་དེབ་སྐྱེལ་ཡོད་པའི་ཚོགས་པ་ཁག་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རོགས་དངུལ་ལེན་རྒྱུ་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ཁག་ངོ་སྤྲོད་དང་ཟབ་སྦྱོང་། དེ་བཞིན་ཕྱི་ཚེས་ ༡༧ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་གཞིས་ཆགས་སྡེ་ཚན་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དང་འབྲེལ་བའི་ཐོག་ནས་ཚོགས་བརྡ་ཕེབས་པ་བཞིན་བཅར་དགོས་པ་ཆགས་ཡོད། ཚོགས་འདུ་དེའི་ནང་མངའ་སྡེ་གཞུང་སོ་སོའི་སྐུ་ཚབ་གདན་ཞུ་གནང་ཡོད། མདོར་ན། ཕྱི་ཚེས་ ༡༤ དང་ ༡༧ ཉིན་གྱི་ཟབ་སྦྱོང་དེ་ཉིད་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ངོས་ནས་ཚོགས་བརྡ་བཏང་སྟེ་གོ་སྒྲིག་གནང་བ་དང་། ཕྱི་ཚེས་ ༡༣ དང་ ༡༥ ཉིན་གྱི་ཟབ་སྦྱོང་དེ་བཞིན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་དུས་ཚོད་ཐུང་ངུ་ཞིག་ནང་དཔལ་འབྱོར་གྱི་རོགས་སྐྱོར་དང་། གོ་སྒྲིག་བྱེད་རྒྱུ་སོགས་ཆ་ཚང་མཉམ་རུབ་གནང་ཡོད།
ད་རེས་འདིར་ས་གནས་ཁག་དང་། བཟོ་གཞིས་ཁག་སོ་སོའི་སྐུ་ཚབ་མཚོན་ཐུབ་མཁན་དང་། དེབ་སྐྱེལ་ཡོད་པའི་ཚོགས་པ་ཁག་གི་འཐུས་མི། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་རྒྱུན་ལས་བཅས་ཕེབས་ཐུབ་པ་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཀའ་ཤག་གི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་གསུང་དོན། ནང་སྲིད་ལས་ཁུངས་དང་ནང་སྲིད་བཀའ་བློན་མཆོག་གིས་གཙོས་འབྲེལ་ཡོད་ཚང་མས་སྐུ་ལས་སྐྱོན་པའི་རྗེས་འབྲས་སུ་ཉེ་ཆར་རྒྱ་གར་གཞུང་ནས་ (Tibetan Rehabilitation Policy 2014) ཞེས་པའི་ཡིག་ཆ་འདི་རག་ཐུབ་པ་ཧ་ཅང་གལ་ཆེན་པོ་རེད། རྣམ་པ་ཚོར་རིམ་པས་སྲིད་བྱུས་འདི་དང་འབྲེལ་བའི་ཐོག་ནས་ཟབ་སྦྱོང་དང་བཀའ་བསྡུར་སོགས་ཞིབ་ཕྲ་ཡོང་གི་རེད། ང་དེ་རིང་འདིར་ཆེད་མངགས་བཅར་དགོས་དོན་ནི་རྒྱ་གར་གཞུང་གིས་བོད་པའི་གནས་བབ་ཐོག་སྲིད་བྱུས་གཏན་འབེབས་གནང་བ་དེ་ཧ་ཅང་ཡག་པོ་བྱུང་འདུག དེར་བརྟེན་ངས་ནང་སྲིད་བཀའ་བློན་མཆོག་གིས་གཙོས་འབྲེལ་ཡོད་ཚང་མས་སྐུ་ལས་སྐྱོན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཡིག་ཆ་འདི་གལ་ཆེན་པོ་ཡིན་དགོས་དོན་ནི། གཞི་རྩའི་བོད་པའི་གནས་བབ་ཐོག་སྔོན་མ་༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་ནང་སྲིད་བཀའ་བློན་བྷུ་ཊ་སིངྒ་དང་། ནང་སྲིད་བཀའ་བློ་འཇུ་ཆེན་ཐུབ་བསྟན་མཆོག་ལྷན་འཛོམས་ཐོག་བཀའ་བསྡུར་བྱུང་བའི་ཚིག་ཐོ་ཡོད་པ་དེ་ཕྱོགས་སྒྲིག་གནང་བ་ཞིག་ཆགས་འདུག
ད་ལན་སྲིད་བྱུས་འདིར་ཤོག་གྲངས་ཉུང་ཉུང་ཞིག་མ་གཏོགས་མེད་ནའང་རྒྱ་གར་གཞུང་གི་ངོས་ནས་བོད་པའི་ཐོག་གཟིགས་ཕྱོགས་དེ་ཁ་གསལ་ཆགས་ཡོད། ཡིག་ཆའི་སྔོན་གླེང་ནང་བོད་དེ་བཙན་བཟུང་བྱས་པར་ངོས་འཛིན་བྱས་པའི་ཐོག་བོད་པའི་གནས་བབ་དང་དེ་བཞིན་ས་ཆ་ཁག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ (CTRC) ཁྱབ་ཁོངས་སུ་འགྲོ་དགོས་ཀྱི་ཡོད་པ། དེ་བཞིན་བོད་མིའི་གཞིས་ཆགས་ཁག་ལའང་མངའ་སྡེ་གཞུང་ནས་མཐུན་འགྱུར་གནང་དགོས་རྒྱུ་སོགས་ཀྱི་ལམ་སྟོན་ཡོད། ཤེས་ཡོན་གྱི་ཐོག་ནས་གོ་སྐབས་གང་ཡོད་མེད། དམིགས་བསལ་མཁས་ལས་པ་སྨན་པ་དང་བཟོ་སྐྲུན་ལས་རིགས་ཐོན་པ་རྣམས་ནས་སོ་སོའི་སྨན་ཁང་དང་ལས་ཁུངས་བཙུགས་ཕྱོགས་ཀྱི་ཐོག་ལམ་སྟོན་ཡོད། དབུས་གཞུང་གིས་གནང་བའི་རོགས་དངུལ་དང་ལས་གཞིའི་ནང་བོད་མི་རྣམས་ཆ་ཤས་ལེན་ཐུབ་རྒྱུ་དང་། མངའ་སྡེ་གཞུང་ངོས་ནས་ཀྱང་གནང་དགོས་ཀྱི་རེད་ཅེས་སོགས་ཀྱི་གནད་དོན་མང་པོ་ཞིག་ཁ་གསལ་ཡོད་པ་དེ་གནས་ཚུལ་ཡག་པོ་རེད་ཅེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ།