༢༠༡༤ ཟླ་ ༡༡ ཚེས་ ༧ རེས་གཟའ་པ་སངས།

༄༅།  །བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་ཚོགས་པ་བཅས་སོ་སོར་བཏང་བའི་གསལ་བསྒྲགས་ནང་གསལ། ཀུན་གྱི་དགོངས་པར་མངའ་གསལ་བཞིན།  བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ནང་གསལ་ལྟར།  དཔྱ་དངུལ་ནི་བཙན་བྱོལ་བོད་མི་ཡོངས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་དང་བརྩི་མཐོང་གི་མཚོན་བྱེད་དུ། མ་བསྐུལ་དང་བླངས་ཀྱིས་འབུལ་སྒྲུབ་དགོས་པ་ཡིན་པ་ཙམ་དུ་མ་ཟད།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་གསེས་ ༤ པར་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན།  བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དེའི་དོན་ཚན་ ༡༡ པའི་ནང་གསེས་ ༡ ནང། རྒྱ་གར་དང་།  བལ་ཡུལ།  འབྲུག་གསུམ་ནང་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱི་རང་གི་རྩ་ཕོགས་ཀྱི་བརྒྱ་ཆ་ ༤ འམ།  སྒང་ཕོགས་ཀྱི་བརྒྱ་ཆ་ ༢ གང་མང་བ་དེ་འབུལ་དགོས།

རྩ་ཕོགས་དང་སྒང་ཕོགས་ཐ་སྙད་གསལ་ཁ་མེད་པ་ལས་དོད་དང་མཚན་དོད་ཐོབ་མཁན་རྣམས་ཀྱིས་ལས་དོད་དང་མཚན་དོད་འབབ་ནས་བརྒྱ་ཆ་ ༢་༧༠ འབུལ་དགོས།  ཉིན་གླའི་ཐད་ལས་ཁུངས་སམ་སྡེ་ཚན་གཅིག་གི་ནང་ཉིན་གྲངས་ ༣༡ ལས་མང་བ་ཞུ་སྤྲོད་བྱ་དགོས་རིགས་ནས་ཉིན་གླ་ཇི་ཐོབ་ཀྱི་འབབ་ནས་བརྒྱ་ཆ་ ༡ འབུལ་དགོས་ཞེས་དང་།  ནང་གསེས་ ༢ པར།  རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱིས་ལོ་རེར་ཨ་སྒོར་ ༥༠ རེ་འབུལ་དགོས་ཞེས་ཁ་གསལ་ཡོད་པ་བཞིན་དཔལ་འབྱོར་ལས་ཁུངས་ནས་ས་གནས་རང་བདེན་ཚོགས་ཆུང་ཁག་སོགས་བརྒྱུད་ཡིག་ངག་གཉིས་ཐོག་ཕོགས་འབབ་སོགས་ཀྱི་བརྒྱ་ཆ་ཁྲིམས་མཐུན་བསྡུ་བཞེས་དགོས་སྐོར་ཞུས་དང་ཞུ་མུས་ཀྱང་།  ད་དུང་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ནང་གཏན་འཇགས་དང་།  ལས་དོད།  ཉིན་གླ་བཅས་ཀྱི་ངོ་བོར་ཕྱག་ལས་གནང་མཁན་མི་ཉུང་བ་ཞིག་ནས་ཁྲིམས་དང་མཐུན་པའི་བརྒྱ་ཆའི་འབབ་ཇི་བཞིན་འབུལ་གྱི་མེད་པའི་སྙན་སེང་ཡོང་བཞིན་པ་དེས་ཕོགས་འབབ་བརྒྱ་ཆ་ཚུལ་བཞིན་ཆད་མེད་འབུལ་མཁན་རྣམས་ལའང་མིག་ལྟོས་ངན་པ་དང་གཞན་འགྲན་ནད་ལངས་བྱ་གཞི་ལྟ་བུ་ཆགས་གཞིར་སོང་།  རང་བདེན་ཚོགས་ཆུང་སོ་སོའི་ཁྱབ་ཁོངས་ཀྱི་དགོན་སྡེ་གྲྭ་ཚང་དང་།  ས་གནས་འགོ་འཛིན་ལས་ཁང་།  སློབ་གྲྭ།  མཉམ་འབྲེལ་ལས་ཁང་གཙོས་སྤྱི་སྒེར་ཚོགས་སྡེ་གང་དུའང་གླ་ཡོད་ལས་རིགས་ཡོད་མཁན་ཡོངས་ནས་ཁྲིམས་ཡིག་དགོངས་དོན་ཕོགས་འབབ་སོགས་ཀྱི་བརྒྱ་ཆའི་འབབ་ངེས་པར་འབུལ་དགོས་པའི་བདའ་འདེད་འཐུས་ནན་དགོས་རྒྱུ་དང་།  དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་།  བོད་རིགས་ཚོགས་པ་རྣམས་ཀྱིས་ཀྱང་ཁྲིམས་ཡིག་ནང་གསལ་ལྟར་བདའ་འདེད་འཐུས་ནན་དགོས་རྒྱུ། ཅི་སྟེ་ཁྲིམས་ཡིག་ནང་གསལ་ཕོགས་འབབ་བརྒྱ་ཆ་མ་ཕུལ་ཚེ་བཅའ་ཁྲིམས་དོན་ཚན་ ༡༣ ནང་གསེས་ ༤ དགོངས་དོན་བོད་ཀྱི་ཡུལ་མིའི་ལས་འགན་མ་བསྒྲུབས་པར་ངོས་འཛིན་གྱིས་ཁྲིམས་ཡིག་དོན་ཚན་ ༦ དགོངས་དོན་དཔྱ་ཁྲལ་རྐྱང་པའང་འབུལ་རྒྱུའི་ཐོབ་ཐང་གནང་རྒྱུ་མིན་པའི་དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༣ འཁོད་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་ཀྱང་།  ད་ཕན་ལག་ལེན་ཇི་བཞིན་འཁེལ་བ་བྱུང་མེད་པ་ད་རེས་རང་བདེན་ཚོགས་ཆུང་ཁག་དང་།  ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་།  བོད་རིགས་ཚོགས་པ་བཅས་ཚང་མས་ལག་བསྟར་ཐུབ་པ་དགོས་རྒྱུའི་བསྐྱར་ནན་ཞུ་རྒྱུ་མ་ཟད། མི་འབུལ་མཁན་རྣམས་ཀྱི་མཚན་གཞུང་དཔལ་འབྱོར་ལས་ཁུངས་སུ་ངེས་འབུལ་དགོས་རྒྱུ་དེ་དོན་དགོངས་འཇགས་ཞུ།

Share with your friends










Submit