༢༠༡༤ ཟླ་ ༡༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གྲངས་ ༦༠༠ གཙོ་བོར་གྱུར་བའི་ཡུལ་གྲུ་ཁག་ ༥༧ ནས་ཕེབས་པའི་ཆོས་ཞུ་བ་ཁྱོན་བསྡོམས་ ༤༦༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད་དེ་ཕྱི་ཚེས་ ༡༣ ཉིན་གསུང་ཆོས་གནང་སྒོ་ཡོངས་སུ་མཇུག་སྒྲིལ་ཡོད།
དེ་ཡང་ཉིན་དང་པོ་དབུ་མ་རིན་ཆེན་ཕྲེང་བའི་མཆོད་བརྗོད་ནས་དབུ་བཙུགས་ཏེ་མངོན་མཐོ་སྒྲུབ་པའི་ཐབས་སུ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་སོགས་པའི་ཆོས་བཅུ་དྲུག་ཉམས་སུ་བླངས་ནས་ཐོབ་ཚུལ་དང་། དེ་བརྒྱུད་ནས་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཚུལ་སོགས་ཚིགས་བཅད་ ༢༥ བར་དུ་དཔྱད་ཁྲིད་གནང་ཡོད་པ་དང་། མཇུག་ཏུ་ནང་པའི་ཆོས་ལ་ཐོས་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་དང་འབྲེལ་ཉིན་རྒྱབ་བླ་མ་དགེ་བཤེས་ཚོ་དང་ལྷན་དུ་ཆོས་ཞུ་བ་རྣམས་ ཀྱིས་བགྲོ་གླེང་དང་བསྐྱར་བཤད་ཚུགས་དགོས་སྐོར་བཀའ་སློབ་ལམ་སྟོན་ཕེབས་ཡོད།
ཕྱི་ཚེས་ ༡༢ ཉིན་མུ་མཐུད་ཏེ་གཙོ་བོ་རྟེན་འབྲེལ་ཕྲ་རགས་ཀྱི་རྣམ་གཞག་ལས་བརྩམས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་འབྱུང་གི་ལྟ་བའི་སྐོར་དང་། དེ་བཞིན་ཕྱི་ནང་གི་གྲུབ་མཐའི་ལྟ་གྲུབ་ཀྱི་ཁྱད་པར། དབུ་མ་རིན་ཆེན་ཕྲེང་བའི་ནང་མགོན་པོ་ཀླུ་སྒྲུབ་ཀྱིས་གྲུབ་མཐའ་མང་པོའི་འདོད་ཚུལ་ལ་ནང་འགལ་བསྟན་ཡོད་པའི་སྐོར་སོགས་ལ་དཔྱད་པ་གནང་ཞིང་། གཞན་ཡང་དབུ་མ་རིན་ཆེན་ཕྲེང་བའི་ནང་མུ་སྟེགས་པའི་ལྟ་བ་རིགས་པའི་ལམ་ནས་བཀག་ཏེ་བཅོམ་ལྡན་འདས་ཀྱི་གསུང་གི་ཁྱད་ཆོས་འབུར་དུ་ཐོན་པའི་སྐོར་སོགས་བཀའ་སྩལ་ཞིང་། ནང་ཆོས་ཀྱི་སྤྱིའི་འགྲོ་སྟངས་ཤེས་རྒྱུ་གལ་ཆེན་པོ་ཡིན་པ་ཀོ་རི་ཡའི་ཆོས་ཞུ་བ་རྣམས་ལ་དམིགས་བསལ་གྱིས་ནན་སྐུལ་ཆེན་པོས་བཀའ་སློབ་སྩལ།
དེ་བཞིན་ཕྱི་ཚེས་ ༡༣ ཉིན་གསུང་ཆོས་ཀྱི་འཕྲོ་སྐྱོང་མཛད་པ་དང་། དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྟོང་ཉིད་ཀྱི་ལྟ་བ་གཅིག་པུས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆ་རྐྱེན་ཚང་གི་མེད། སྟོང་ཉིད་ཀྱི་ལྟ་བ་དེ་ཐེག་པ་གསུམ་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་བྱེད་ཀྱི་རྒྱུ་ཡིན་པས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་ཀྱི་ཡོད། ཤེས་རབ་མ་དང་འདྲ་བ་དང་། ཕ་དང་འདྲ་བ་ནི་བྱང་ཆུབ་ཀྱི་སེམས་ཆགས་ཡོད། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པ་ལ། དེ་ཡི་རྩ་བ་སྙིང་རྗེ་འདོད་ཅེས་མདོ་སྡེ་རྒྱན་དུ་གསུངས་པ་ལྟར་རྩ་བ་སྙིང་རྗེ་ཆེན་པོ་རེད། སྙིང་རྗེ་ཆེན་པོ་སྐྱེས་པ་ལ་དམིགས་པ་སྡུག་བསྔལ་བའི་སེམས་ཅན་ལ་དམིགས་ནས་དེ་ཐམས་ཅད་སྲིད་ཞིའི་འཇིགས་པས་མནར་བ་ལས་བྲལ་བར་བྱའོ་སྙམ་པའི་སྙིང་སྟོབས་ཤིག་སླེབས་དགོས། དེ་སླེབས་པ་ལ་གང་འཇིགས་པས་མནར་བའི་སེམས་ཅན་ལ་གཅེས་ཤིང་ཕན་པའི་བློ་ཞིག་འགྲུབ་རྒྱུ་དང་། དེ་ལ་ཡང་བདག་གཞན་མཉམ་བརྗེའི་སྒོ་ནས་སྒྲུབ་རྒྱུ་གཅིག་དང་། མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་སྒྲུབ་རྒྱུ་གཅིག་བཅས་གཞན་གཅེས་འཛིན་གྱི་བློ་འདི་ལྟར་ཡོང་གི་ཡོད།
གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་པའི་བྱང་ཆུབ་དོན་གཉེར་གྱི་འདུན་པ་སྐྱེས་པ་ལ་སྟོང་ཉིད་ཀྱི་ལྟ་བས་རོགས་བྱེད་ཀྱི་ཡོད། དེ་ལྟ་བུའི་སྙིང་རྗེ་ཡོང་བ་ལ་སྡུག་བསྔལ་གང་གིས་མནར་བའི་སྡུག་བསྔལ་དེ་ཤེས་དགོས། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་ཡོད་ཅིང་། དེ་གཙོ་བོ་འདུ་བྱེད་ཀྱི་སྡུག་བསྔལ་གསུངས་ཀྱི་ཡོད། འདུ་བྱེད་ཀྱི་སྡུག་བསྔལ་ལ་མི་འདོད་པའི་བློ་ཡོང་བའི་རྒྱུ་རྐྱེན་གཅིག་ནི་སྡུག་བསྔལ་གྱི་སྡུག་བསྔལ་གང་ཡིན་པ་དེའི་རྒྱུ་ཤེས་པ་ཡིན་ན། ཅི་ཙམ་གྱིས་སྡུག་བསྔལ་གྱི་སྡུག་བསྔལ་མི་འདོད་པ་ཡོད་པ་དེ་ཙམ་གྱིས་དེ་འགྲུབ་བྱེད་ཀྱི་རྒྱུ་ལ་མི་འདོད་པའི་བློ་སྐྱེས་ནས་དེ་ལས་བཟློག་པའི་བསམ་པ་ཞིག་ཡོང་གི་རེད། ཅེས་སོགས་བཀའ་གནང་སྟེ་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་ཆ་ཚང་གསུངས་གྲུབ་རྗེས། སྤྱན་རས་གཟིགས་ཕྱག་བཞི་བའི་རྗེས་གནང་སྩལ་བ་དང་། དེ་རྗེས་ཀོ་རི་ཡའི་ཆོས་ཞུ་བ་རྣམས་ཀྱི་དོགས་འདྲི་ཁག་ལ་བཀའ་ལན་སྩལ་ཏེ་ཉིན་གསུམ་རིང་གི་གསུང་ཆོས་འབྲེལ་གྱི་གནང་སྒོ་ཁག་ཡོངས་སུ་མཇུག་སྒྲིལ།