༢༠༡༤ ཟླ་ ༡༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༣ ཉིན་རཱཇ་པུར་དུ་ཡོད་པའི་དཔལ་ས་སྐྱའི་ཆོས་སྒར་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་རྗེས་དྲན་རྟེན་འབྲེལ་དགའ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩།༣༠ ཐོག་ཕྱི་ནང་སྐུ་མགྲོན་རྣམས་ཚང་འཛོམས་ཀྱིས་ཆུ་ཚོད་ ༡༠ ཐོག་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཕོ་བྲང་ནས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་གྲུབ་བསྟུན་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་དམིགས་གསལ་སྐུ་མགྲོན་རྣམས་ནས་སྣང་གསལ་ཞལ་ཕྱེ་གནང་། དེ་ནས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ་གྲུབ་བསྟུན་སྤོན་ཊ་སཾ་བྷོ་ཊ་སློབ་གྲྭའི་སློབ་མ་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གནང་། དེ་རྗེས་ཝ་ཎའི་མཁས་དབང་མིཤྲ་མཆོག་གིས་ས་སྐྱ་ལེགས་བཤད་སཾསྐྲིཏ། ཧིན་དི། དབྱིན་ཡིག་བཅས་སྐད་ཡིག་གསུམ་ནང་བསྒྱུར་གནང་ཡོད་པའི་ཕྱག་དེབ་དབུ་འབྱེད་གནང་།
དེ་བཞིན་ཆོས་སྒར་གྱི་འགན་འཛིན་བསོད་ནམས་ཆོས་རྒྱལ་ལགས་ཀྱིས་དགའ་བསུ་དང་འབྲེལ་མཛད་སྒོའི་ངོ་སྤྲོད་གནང་ཡོད། དེ་ནས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་གིས་དཔལ་ས་སྐྱ་ཆོས་སྒར་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་ཐོག་སྩལ་བའི་འཚམས་འདྲིའི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན།
ཕྱི་ལོ་ ༡༩༦༤ ལོར་རྒྱ་གར་ཡུ་པི་མངའ་སྡེ་ཁོངས་རཱཇ་པུར་དུ་དཔལ་ས་སྐྱའི་བྱེས་ཀྱི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ཕྱག་འདེབས་མཛད་དེ་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་གནང་བཞིན་ཡོད་པར་བླ་སློབ་འདུ་སྡེ་སྐུ་མགྲོན་བཅས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཤཀྱཱའིདགེ་སློང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་རབ་བྱུང་ ༡༧ པའི་ཤིང་རྟ་ཟླ་བ་ ༩ ཚེས་ ༢༠ དང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༧ དགེ་བ་ལ། ཞེས་སྒྲོགས་སྦྱང་གནང་གྲུབ་བསྟུན།
དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དུས་དྲན་ཐོག་བཀའ་ཤག་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་འཕྲིན་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག ཆོས་ལུགས་ཕན་ཚུན་དབར་སྔར་ལྷག་འཆམ་མཐུན་ཡོང་བ་དང་། འཛམ་གླིང་ཐོག་འབུར་དུ་འཐོན་བཞིན་ཡོད་པའི་ནང་ཆོས་ཀྱི་གཞུང་ལུགས་ལ་སློབ་གཉེར་སྔར་ལྷག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ། ཆོས་བརྒྱུད་ཁག་གི་ཆོས་ཚོགས་ཡོད་པ་རྣམས་མི་ཉམས་རྒྱུན་འཛིན་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུང་བཤད་གནང་ཡོད། དེ་རྗེས་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སྒྲུབ་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་འདུག