༢༠༡༤ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སི་པེན་གྱི་རྒྱལ་ས་སྦར་སི་ལོ་ནའི་གནམ་ཐང་དུ་ཕེབས་འབྱོར་སྐབས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སི་པན་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་མ་ཟད། མགྲོན་ཁང་དུ་ཕེབས་མཚམས་སི་པེན་དུ་གནས་སྡོད་བོད་རིགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་སི་པན་ཁུལ་གྱི་བོད་རིགས་རྣམས་ལ་གསུང་བཤད་གནང་སྐབས་སི་པེན་བོད་རིགས་ཚོགས་པའི་ངོས་ནས་ལོ་ལྟར་སྨན་ཞབས་པའི་སློབ་སྦྱོང་ཆེད་སློབ་ཡོན་ས་མིག་གཉིས་ཀྱི་མཐུན་འགྱུར་བསྐྲུན་པར་བསྔགས་བརྗོད་གནང་བ་དང་ཆབས་ཅིག་གསུང་དོན། ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་གྱི་གོ་སྐབས་མང་དུ་བཏང་བའི་སྐོར་ཕ་མ་དང་སློབ་ཕྲུག་ཚོའི་མཁྱེན་རྟོགས་སླད་གསལ་བསྒྲགས་རྒྱ་གང་ཆེ་བྱེད་ཀྱི་ཡོད། ང་ཚོའི་སློབ་ཡོན་གྱི་འགྲོ་གྲོན་དང་བྱ་དགའི་མ་དངུལ་གཏོང་ཕྱོགས་ཐད་ཕྱི་གསལ་ནང་གསལ་ཡིན་པར་བརྟེན། དོ་སྣང་ཡོད་མཁན་མང་ཚོགས་སུས་ཀྱང་གཟིགས་ཐུབ། དེང་སྐབས་བོད་མིའི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་གྱི་ཚད་གཞི་དེ་སྤྱི་ཡོངས་ཀྱི་ཆ་ནས་ཡར་རྒྱས་འགྲོ་བཞིན་ཡོད།
ཕྱི་ལོ་ ༢༠༡༣ ལོར་མ་སུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ནང་བརྒྱ་ཆ་ ༩༥།༤ བླངས་ཏེ་སྲིད་སྐྱོང་སློབ་ཡོན་ལེན་མཁན་བོད་པའི་སློབ་ཕྲུག་ཐོག་མ་ཆགས་ཡོད། ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་གི་མི་འབོར་དུང་ཕྱུར་ ༡༣ དང་བསྡུར་ན་ང་ཚོ་བརྒྱ་ཆ་ ༠.༠༥ ཙམ་ལས་མེད། བོད་མི་གཅིག་ལ་རྒྱ་མི་ ༡༩༩ ཡོད། དེར་བརྟེན་ང་ཚོས་ཤེས་ཡོན་དེ་གལ་ཆེ་ཤོས་སུ་རྩིས་ཏེ་སོ་སོའི་ཕྲུ་གུའི་སློབ་སྦྱོང་ཐོག་ཤུགས་ཆེ་ཙམ་རྒྱག་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ནང་༸ཞབས་སོར་འཁོད་མཚམས།བོད་མིའི་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་གསོར་ཆུད་ཡོང་སླད་ཟུར་དུ་བོད་ཕྲུག་རྣམས་ལ་སློབ་གྲྭ་དང་། དགོན་སྡེ། དེ་བཞིན་རིག་གཞུང་བསྟི་གནས་ཁང་སོགས་གསར་འཛུགས་མཛད་ཡོད། དེར་བརྟེན་བོད་མི་མི་རབས་རྒན་པ་ཚོས་སོ་སོའི་ཕྲུ་གུ་ཚོར་༸གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་ཞུ་རྒྱུ་དང་། བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་རྒྱུས་སྟོན་གནང་རྒྱུའི་འགན་འཁྲི་ཡོད། ཅེས་སོགས་ཀྱི་གསུངས་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་དོལ་རྒྱལ་ཚོགས་པས་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུར་ཆིབས་སྒྱུར་བསྐྱངས་སྐབས་གཞི་མེད་ཀྱི་མཚན་སྨད་ཞུ་རྒྱུས་མཚོན་ཐ་ཤལ་གྱི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་ལ་བོད་མི་བསམ་ཤེས་ཅན་ཚང་མས་ངེས་པར་དུ་འགན་འཁྱེར་བའི་ཐོག་ནས་ཟབ་གྲུང་གནང་དགོས་པའི་འབོད་སྐུལ་གནང་འདུག ཐེངས་འདིར་སྲིད་སྐྱོང་མཆོག་གིས་སྦར་སི་ལོ་ནའི་ལས་རིམ་མཐའ་མ་དེ་བོད་ཁང་Case del Tibet བོད་ནང་རིགས་མང་ཚོགས་རྣམས་ལ་གསུང་བཤད་གནང་སྟེ་རེ་ཞིག་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་འདུག