༢༠༡༤ ཟླ་ ༡༠ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །བྱིས་པའི་ཐོབ་ཐང་ཆེད་འཐབ་རྩོད་གནང་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་མཆོག་ Kailash Satyarthi དང་པ་ཀི་སི་ཐན་གྱི་བུད་མེད་མ་ལ་ལ་ཡུ་སུབ་ཛ་ཡ་ Malala Yousafzai མཆོག་རྣམ་གཉིས་ཀྱི་གཟེངས་སུ་ཐོན་པའི་བྱས་རྗེས་ལ་ནོ་བེལ་ཞི་བདེའི་ཚོགས་ཆུང་གིས་ངོས་འཛིན་གནང་སྟེ། འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་གཏན་འཁེལ་བར་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲི་ཞུས་པའི་ནང་འཁོད་དོན། ཁྱེད་རྣམ་པ་གཉིས་ཀྱིས་བྱིས་པའི་གཞི་རྩའི་ཐོབ་ཐང་དང་ཤེས་ཡོན་གྱི་གོ་སྐབས་ཆེད་འཐབ་རྩོད་གནང་བའི་གྲུབ་འབྲས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། མ་ལ་ལ་ཡུ་སུབ་ཛ་ཡ་མཆོག་གིས་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་ཆེད་སྙིང་སྟོབས་དང་ཆོད་སེམས་བརྟན་པོས་འཐབ་རྩོད་གནང་བ་དེ་ནི་འཛམ་གླིང་ཀུན་གྱི་མིག་དཔེར་གྱུར་ཡོད།
དེ་བཞིན་ཀེ་ལ་ཤི་སཏྱཱར་ཐི་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་གར་ནང་བྱིས་པ་ཉོ་ཚོང་དང་ངལ་རྩོལ་བསྒྱུར་བཀོད་བྱ་རྒྱུ་སོགས་ཁྲིམས་འགལ་གྱི་ལས་རིགས་འགོག་ཆེད་འཐབ་རྩོད་གནང་བ་དེ་ནི་འཛམ་གླིང་མང་ཚོགས་རྣམས་ལ་སེམས་འགུལ་ཧ་ཅང་ཐེབས་ཡོད། ངོས་ཀྱིས་རྣམ་པ་གཉིས་ལ་མུ་མཐུད་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆེད་འཐབ་རྩོད་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
དེ་ཡང་པ་ཀི་སི་ཐན་གྱི་བུད་མེད་མ་ལ་ལ་ཡུ་སུབ་ཛ་ཡ་ལགས་ནི་ལོ་ན་ ༡༧ ཡིན་པ་དང་། བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་ཆེད་འཐབ་རྩོད་གནང་བར་ཏ་ལི་བྷན་ཚོགས་མི་རྣམས་ཀྱིས་ཁོང་གི་མགོ་བོར་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེ་བཟོས་ཡོད་ཀྱང་ཕྱིས་སུ་དྲག་སྐྱེད་བྱུང་མཚམས་འཇིགས་ཞུམ་མེད་པར་མུ་མཐུད་འཐབ་རྩོད་རྒྱུན་སྐྱོང་གནང་བའི་རྗེས་འབྲས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་མཚོན་ཆེད་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གཟེངས་རྟགས་མང་པོ་ཞིག་ཐོབ་ཡོད་ཁོངས་ནས་ཆེས་སྙན་གྲགས་ཆེ་ཤོས་ཀྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་ཁོང་ལ་ཕུལ་ཡོད། དེར་བརྟེན་ཁོང་ནི་ད་བར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁོངས་ནས་ལོ་ན་ཆུང་ཤོས་ཆགས་ཡོད།
ཕྱོགས་མཚུངས་ཀེ་ལ་ཤི་སཏྱཱར་ཐི་མཆོག་ནི་ལོ་མང་རིང་ནས་རྒྱ་གར་གྱི་བྱིས་པའི་ཤེས་ཡོན་གྱིས་གཙོས་ཐོབ་ཐང་རྣམས་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་མཁན་ཞིག་ཡིན། ལྷག་པར་བྱིས་པའི་ངལ་རྩོལ་བསྒྱུར་བཀོད་འགོག་ཐབས་ཆེད་ལས་འགུལ་གྲུབ་འབྲས་སོན་པ་མང་དག་ཅིག་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། ཁོང་གི་བྱིས་པ་སྲུང་སྐྱོབ་ཚོགས་པས་ད་བར་བྱིས་པ་ ༧༥༠༠༠ ཙམ་ལ་ངལ་རྩོལ་བསྒྱུར་བཀོད་ནས་གློད་བཀྲོལ་བཏང་ཐུབ་པ་བྱུང་ཡོད།