༢༠༡༤ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅ ། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༢ ཉིན་རྡ་ས་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་མི་ལོ་ ༤༣ འཁོར་བའི་དུས་དྲན་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ།
སྦྱིན་བདག་དང་སྐུ་མགྲོན་རྣམ་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་ཀྱིས་མཛད་སྒོར་ཞབས་སོར་འཁོད་འཕྲལ། མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མཛད་རིམ་སྒྲོགས་སྦྱང་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་སླད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས་གྲུབ་བསྟུན་བདེ་ལེགས་སྨན་ཁང་གི་འགན་འཛིན་གྱིས་ལས་བསྡོམས་སྙིང་བསྡུས་དང་ལྷན་འཚམས་འདྲིའི་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ཕྱི་རྒྱལ་ནས་ཆེད་ཕེབས་ཀྱི་སྐུ་མགྲོན་རྣམ་པར་ཐུགས་རྗེ་ལེགས་སོའི་དྲན་རྟེན་ཕྱག་རྟགས་དང་། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལས་བྱེད་ཞབས་ལོ་ ༢༠ འཁོར་བ་རྣམས་ལ་ལེགས་སོའི་ཕྱག་རྟགས། དེ་བཞིན་ལས་ཤག་གསར་རྒྱག་གི་ཨར་ལས་ཐོག་མཐུན་རྐྱེན་སྦྱོར་མཁན་ཁང་བཟོའི་ཁྱད་ལས་བྱུས་འགོད་པ་དང་། བོགས་ལེན་པ། ཨར་ལས་ཚོགས་ཆུང་གི་ཚོགས་མི་བཅས་ལ་ཐུགས་རྗེ་ལེགས་སོའི་གསོལ་རས་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་དང་། བདེ་ལེགས་སྨན་ཁང་དབུ་བརྙེས་ནས་མི་ལོ་ ༤༣ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་ཕེབས་པའི་བོད་མིའི་སྒྲིགས་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། རྡ་ས་ཁུལ་གྱི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ལྷག་པར་བདེ་ལེགས་སྨན་ཁང་གི་དབུ་འཛིན་གྱིས་གཙོས་ལས་བྱེད་རྣམ་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བདེ་ལེགས་སྨན་ཁང་སྐོར་ཚང་མས་མཁྱེན་གསལ་རེད། ང་རང་སྒེར་ངོས་ལ་ཆ་བཞག་ན། གཟུགས་པོ་ཕྲན་བུ་མ་བདེ་བ་བྱུང་སྐབས་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ག་དུས་ཡིན་རུང་སྐད་གཏོང་གི་ཡོད། བདེ་ལེགས་སྨན་ཁང་ལ་རྡ་ས་ཁུལ་དུ་ཡོད་པའི་བོད་མི་ཙམ་མ་ཟད། གཞིས་ཆགས་ཁག་ནང་ཡོད་པའི་བོད་མི་མང་པོ་ཞིག་གིས་ཡིད་ཆེས་ཆེན་པོའི་ཐོག་ནས་སྨན་གཏུག་བྱེད་བཞིན་ཡོད། དེ་བཞིན་སྨན་ཁང་འདིས་ས་གནས་ཀྱི་ཡུལ་མི་རྣམས་ལའང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་འདུག བདེ་ལེགས་སྨན་ཁང་གི་སྨན་པའི་ཀུན་སློང་དང་། ཀུན་སྤྱོད། ལག་རྩལ་སོགས་ལ་ངོ་གནོང་མ་དགོས་པ་ཞིག་ཡོད། ལྷག་པར་ཀྲི་སྦི་ནད་གཞིའི་སྐོར་ལ་ཁྱད་ཆོས་འབུར་དུ་ཐོན་པ་བྱུང་བ་དེ་བཙན་བྱོལ་བོད་མི་ཡོངས་ཀྱི་གཟི་བརྗིད་དང་། བོད་མིའི་སྨན་པ་ཡོངས་ཀྱི་མིག་དཔེ་ལྟ་ས་ལྟ་བུ་ཧ་ཅང་ཡག་པོ་བྱུང་བར་བརྟེན། དེ་རིང་གི་མཛད་སྒོ་དང་བསྟུན་ཏེ་ངས་བདེ་ལེགས་སྨན་ཁང་གི་ལས་བྱེད་གསར་རྙིང་ཡོངས་ལ་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། མ་འོངས་པ་ཡིན་ནའང་སྨན་ཁང་འདི་ནས་སྐྱེ་བོ་མཆོག་དམན་ཐམས་ཅད་ལ་བརྩེ་བ་ཆེན་པོའི་སྒོ་ནས་མུ་མཐུད་སྨན་བཅོས་ཀྱིས་མཚོན་འཛིན་སྐྱོང་གི་ཕྱག་ལས་ཐོག་འཐུས་ཤོར་མེད་པ་གནང་རོགས་ཞུ་རྒྱུ་ཡིན།
དེ་ལྟར་བྱུང་བ་ཡིན་ན། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཚིག་ཙམ་མིན་པ་དོན་གྱི་ཆ་ནས་ཆགས་ཀྱི་ཡོད་པ་མ་ཟད། གཞན་ཕན་སྒྲུབ་ན། དེ་ལས་ལྷག་པའི་༸རྒྱལ་བ་དགྱེས་པའི་ཐབས་གཞན་མེད་པར་བརྟེན། ཚང་མས་མུ་མཐུད་ནས་སོ་སོའི་རྩ་བའི་བླ་མ་༸རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུར་ཐབས་མཆོག་ཏུ་འགྱུར་བ་ནི་གཞན་དོན་བསྒྲུབ་རྒྱུ་དང་། ལྷག་པར་མགོན་མེད་སྐྱབས་མེད་ཚོར་མགོན་སྐྱབས་གནང་རྒྱུའི་རིགས་ཐུགས་ལ་འཇགས་རོགས། མ་འོངས་པར་སྨན་ཁང་འདི་རྒྱ་གང་ཆེ་ཐོག་ནས་མི་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོང་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། མཐར་སྨན་ཁང་གི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།།