༢༠༡༤ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ཉིན་བཞུགས་སྒར་རྡ་ས་མེཀ་ལོ་གྷན་ཇིར་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པ་ (Tibet Charity) བཙུགས་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མི་མང་སྤྱི་ཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། ལྭ་ཁ་རིན་པོ་ཆེ་ནི་དེ་སྔ་ཝ་ར་ན་སིར་བཞུགས་པའི་སྐབས་ནས་ད་ལྟ་ཡོད་པའི་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་དབུ་འཛུགས་གནང་མཁན་གྱི་མི་སྣ་ཞིག་ཆགས་ཡོད། རིན་པོ་ཆེ་དགུང་ལོ་ཆུང་དུས་ནས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་རྒྱུ་དང་། བོད་མི་མང་སྤྱི་འཐུས་སྐབས་ལྔ་པ་དང་དྲུག་པའི་སྐབས་སྤྱི་འཐུས་གནང་། དེ་ནས་ཕྱི་རྒྱལ་ལ་ཕེབས་རྗེས་བོད་མི་དང་སྲོག་ཆགས་ཀྱི་བདེ་རྩའི་དོན་དུ་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་གོང་དུ་རིན་པོ་ཆེས་གསུངས་པ་ལྟར། ས་གནས་སུ་འགན་འཁྱེར་མཁན་དང་ལས་བྱེད་སོགས་ཚང་མས་ཧུར་ཐག་འབད་ཐག་གནང་སྟེ། འདས་པའི་ལོ་ངོ་བཅུའི་ནང་བོད་པའི་སྤྱི་ཚོགས་ནང་བྱས་རྗེས་ལྡན་པ་ཞིག་བྱུང་བ་ནི། མི་གཅིག་གིས་དཀའ་ལས་བརྒྱབ་པ་ཞིག་མིན་པར་ཚང་མས་མཉམ་རུབ་བྱས་པར་བརྟེན་ནས་བྱུང་བ་ཞིག་རེད། ད་བར་ཧ་ཅང་ཡག་པོ་བྱུང་ཡོད་པ་བཞིན་མ་འོངས་པར་ཡང་དེ་མཚུངས་མུ་མཐུད་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་འགན་འཁྱེར་མཁན་ནམ་སྣེ་ཁྲིད་མཁན་ཡག་པོ་ཞིག་ཡོད་ན། ལས་བྱེད་ཚང་མ་དེའི་རྗེས་སུ་འཇུག་སྟེ་རང་བཞིན་གྱིས་ཡག་པོ་ཆགས་རྒྱུ་ཡིན་པ་བཤད་མ་དགོས་པ་རེད།
དེར་བརྟེན་འགན་འཁྱེར་མཁན་གཙོ་བོར་གྱུར་བའི་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། རྣམ་པ་ཚོའི་ལས་བསྡོམས་ནང་ནས་དམིགས་བསལ་རྒས་གཅོང་མགོན་མེད་ཚོར་གཟིགས་རྟོག་གནང་རྒྱུ་དེ་ཧ་ཅང་ཡག་པོ་རེད། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་སྐྱེ་རྒ་ན་འཆི་ལས་ཆེ་བའི་སྡུག་བསྔལ་མེད། ལྷག་པར་ལོ་ན་རྒས་ཏེ་དབང་པོའི་ཤེས་པ་དེ་དག་རེ་རེ་བཞིན་སྒྲིབ་ཡོང་སྐབས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། དེང་སང་ནང་མི་ཡོད་ནའང་ནང་མི་འཁྲིས་སུ་ལྟ་རྟོག་བྱེད་མཁན་མེད་པར། ཕྲུ་གུ་ཚང་མ་ཕྱི་རྒྱལ་ལ་ཕྱིན་ནས་རྒས་འཁོགས་རྣམས་རྒྱ་གར་ལ་བཞག་ཡོད་སྟབས། དངུལ་གཏོང་རྒྱུ་ཡོད་ནའང་མི་ལྟ་མཁན་མེད་ན་རྒས་འཁོགས་དེའི་འདོད་པ་དེ་དངུལ་ཁོ་ནས་བསྒྲུབ་ཐུབ་ཐབས་མེད། དེར་བརྟེན་དངུལ་ཡོད་མཁན་ཚོས་དངུལ་གྱི་མཐུན་རྐྱེན་སྦྱར་ཏེ། འདི་གར་མིའི་ནུས་པ་བེད་སྤྱོད་བཏང་སྟེ་ཐད་ཀར་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་འདུག དེ་བཞིན་ཁྱེད་རང་ཚོས་ཤེས་ཡོན་དང་འཕྲོད་བསྟེན་གྱི་ཐོག་ཤུགས་སྐྱོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རིན་པོ་ཆེས་དབུས་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་། ཚོགས་མི་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།