༢༠༡༤ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཉེ་ལམ་རྒྱ་གར་གྱི་ཨན་དྲཱ་པར་དེ་ཤི་དང་ཨོ་ཌི་ཤ། ཇར་ཁནྜ་བཅས་མངའ་སྡེ་གསུམ་གཙོ་བོར་གྱུར་བའི་ས་ཁུལ་ཁག་ཏུ་རྒྱ་མཚོའི་རླུང་འཚུབ་ཧུ་ཌ་ཧུ་ཌ་ (Hudhud Cyclone) ཅེས་པ་དེས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་བཏང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མཚན་ཐོག་ནས་འབྲེལ་ཡོད་མངའ་སྡེ་གསུམ་གྱི་སྤྱི་ཁྱབ་བློན་ཆེན་རྣམ་པར་སེམས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན།
ཉེ་ལམ་རྒྱ་མཚོའི་རླུང་འཚུབ་འཇིགས་སུ་རུང་བ་ཧུ་ཌ་ཧུ་ཌ་ཅེས་པའི་དོན་རྐྱེན་འོག་ཡུལ་མི་མང་པོའི་ཚེ་སྲོག་ཤོར་བར་བརྟེན། ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཧ་ཅང་བློ་ཕམ་ཆེན་པོས་སེམས་གསོ་ཞུ་རྒྱུ་མ་ཟད། གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པའི་མང་ཚོགས་ལ་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
བོད་མི་ཚོར་རོགས་རམ་དགོས་པའི་དུས་ཚོད་ནམ་ཡིན་ལ་རྒྱ་གར་གྱིས་དུས་རྟག་ཏུ་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་སྟབས། རྒྱ་གར་ནི་བོད་མི་ཡོངས་ཀྱི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད། ཐེངས་འདིར་སྔར་བྱུང་མྱོང་མེད་པའི་གོད་ཆག་འོག་རྒྱ་གར་ཡུལ་མི་རྣམས་ལ་དཀའ་ངལ་འཕྲད་སྐབས། ང་ཚོ་བོད་མི་ཚོར་རང་གི་ནང་མི་ཞིག་ལ་དཀའ་ངལ་འཕྲད་པའི་ཚོར་སྣང་ཞིག་རང་ཤུགས་ཀྱིས་ཡོང་བཞིན་ཡོད་སྟབས། གོད་ཆག་ཕོག་མཁན་ཚང་མར་སེམས་ཚོར་དྲག་པོའི་ཐོག་ནས་སེམས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུས་མཚོན། ཚེ་སྲོག་ཤོར་བ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་རྫོགས་མགྱོགས་མྱུར་སེམས་སྡུག་ལས་གྲོལ་ཏེ། སྔར་བཞིན་རྒྱུན་ལྡན་གྱི་འཚོ་བར་རོལ་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་། གོད་ཆག་ཕོག་ཡུལ་ས་གནས་དེ་དག་མགྱོགས་མྱུར་ཉམས་གསོ་ཡོང་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག འཕྲིན་ཡིག་ངོ་མ་དབྱིན་ཡིག་ནང་ཡོད་པ་དེར་རྩ་འཛིན་ཡོང་བ་ཞུ།