༢༠༡༤ ཟླ་ ༡༠ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣ དང་ ༤ ཉིན་རྒྱ་གར་མ་ཧཱ་རཱཤྟྲ་མངའ་སྡེའི་གྲོང་ཁྱེར་ཝར་དྷ་ Wardha ནས་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་གཉིས་པར་གྲགས་པ་ནཱག་པུར་ Nagpur བར་རྒྱང་ཐག་ཀི་ལོ་མི་ཊར་ ༨༠ ཡོད་པའི་གཞུང་ལམ་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་National Campaign for Free Tibet Supporters ལས་འགུལ་བ་མི་གྲངས་ ༡༠༠ སྦག་སྦག་བཞི་བཅུ་བཏང་ནས་བོད་རང་དབང་སླར་གསོས་རྒྱ་གར་སྲུང་སྐྱོབ་བྱེད་ཐུབ། ཅེས་བྲིས་པའི་སྟོད་ཐུང་གྱོན་ནས་ལས་འགུལ་སྤེལ་ཡོད།
སྤྱིར་གོང་ཚེས་ཉིན་ནཱག་པུར་གྲོང་ཁྱེར་ནང་དེ་སྔ་རྒྱ་གར་རང་བཙན་ཐོབ་རྗེས་མང་གཙོའི་རིང་ལུགས་ཀྱི་རྩ་ཁྲིམས་ཟིན་བྲིས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་ཌི་ཀར་མཆོག་གིས་རྒྱ་གར་ནང་རིགས་དམན་དུ་རྩི་བཞིན་པའི་ལྡ་ལི་ཏི་མི་མང་ཁྲི་ཕྲག་བརྒལ་བ་ཧིན་ངྷུ་ནས་ནང་པར་བསྒྱུར་བའི་དུས་ཆེན་ཞིག་འཁེལ་ཡོད་སྟབས། མི་མང་ འབུམ་ལྔ་ལྷག་འདུ་འཛོམས་བྱུང་ཡོད། ས་གནས་དེར་ལྡ་ལི་ཏི་ (Dalit) མི་མང་ཚོས་སྡོམ་པ་འབོགས་ཆོག་གི་གནས་ Dikshabhumi ཞེས་ཡོངས་གྲགས་འབོད་དེ་དད་གུས་ཧ་ཅང་ཆེན་པོ་ཞུ་ཡུལ་གྱི་གནས་རྩི་བཞིན་ཡོད། དེར་བརྟེན་བོད་དོན་རྒྱབ་སྐྱོར་བ་ཚོས་དེ་ཉིན་ས་གནས་དེར་འཛོམས་ནས་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་ཌི་ཀར་མཆོག་རྗེས་དྲན་ཞུས་པ་དང་སྦྲགས། བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད། ལས་འགུལ་བ་རྣམས་ནཱག་པུར་གྲོང་ཁྱེར་ནང་འབྱོར་འཕྲལ་བྷན་ད་ར་བོད་མིའི་གཞིས་ཆགས་ཀྱི་ས་འཐུས་དང་ལས་དྲུང་། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ་གཉིས། དེ་བཞིན་དགོན་སྡེ་གྲྭ་ཚང་གི་སྐུ་ཚབ་དང་། ས་གནས་བོད་རིགས་སུད་ཚོང་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག འདུ་འཛོམས་སར་འཕྲེད་དར་ཞིག་གི་སྟེང་དེ་སྔ་སྐུ་ཞབས་བྷིམ་རའོ་ཨེ་བྷེ་ཌི་ཀར་མཆོག་གིས་གསུང་བཤད་ཅིག་ལུང་འདྲེན་གནང་བའི་ནང་འཁོད་དོན།
ཕྱི་ལོ་ ༡༩༤༩ ལོར་རྒྱ་གར་གཞུང་གིས་རྒྱ་ནག་ཚབ་ཏུ་བོད་རྒྱལ་ཁབ་ལ་ངོས་འཛིན་གནང་ཡོད་ཚེ། ད་གཟོད་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་ཡོང་དོན་མེད། ཅེས་འཁོད་ཡོད།
སྐབས་དེར་བོད་དོན་སྐོར་སྐད་ཡིག་འདྲ་མིན་ནང་དཔར་འགྲེམས་གནང་བའི་དཔེ་དེབ་མང་དག་ཅིག་འགྲེམས་སྤེལ་གནང་བ་མ་ཟད། བོད་ནང་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་གྲངས་ ༡༣༠ ལྷག་གིས་བོད་དོན་ཆེད་རང་ལུས་མེར་སྲེག་གནང་སྟེ། རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་སྐོར་གསལ་བཤད་གནང་འདུག ཐེངས་འདིའི་ལས་འགུལ་གོ་སྒྲིག་གནང་མཁན་འཕགས་བོད་འབྲེལ་མཐུད་ལས་ཁང་དང་ཝར་དྷ་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཡིན་འདུག