༢༠༡༤ ཟླ་ ༡༠ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ནས་ ༢༨ བར་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཐུན་མོང་གི་གོ་སྒྲིག་འོག རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་ནང་ཁུལ་དེའི་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་གཏོང་ཐབས་དང་། ལྷག་པར་སྤྱི་ཚོགས་ནང་བུད་མེད་ཀྱི་འགན་ཁུར་སྣེ་ཁྲིད་གང་མང་ཡོང་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་འདུག
དེ་ཡང་ཟབ་སྦྱོང་དབུ་འཛུགས་ཀྱི་ཉིན་མོར་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གྲོས་ཚོགས་འོག་མའི་འཐུས་མི་པི་ཌི་ར་ཡེ་ Hon. Shri P. D. Rai, Member of Lok Sabha མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། བོད་མི་མང་སྤྱི་འཐུས་བུ་མོ་ཚེ་རིང་ལགས། གཞན་ཡང་སྒང་ཏོག་དང་ར་ཝང་ལ་ས་གནས་འགོ་འཛིན་རྣམ་པས་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་དང་། ཀ་རྡོར་སྒང་གསུམ་དང་ར་ཝང་ལ། བསུ་ན་མདའ་བཅས་ནས་ཟབ་སྦྱོང་བ་ཁག་གཅིག སྒང་ཏོག་གི་སློབ་གྲྭ་དང་མཐོ་སློབ་ཁག་གི་ནང་སྐྱོད་བཞིན་པའི་སློབ་མ་ཁག་གཅིག ས་གནས་མི་མང་བཅས་ལྷན་འཛོམས་ཐོག སྐུ་མགྲོན་གཙོ་བོ་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་སྣང་གསལ་ཞལ་ཕྱེ་གནང་གྲུབ་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བུད་མེད་ནུས་ཤུགས་གོང་སྤེལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། གང་ཡིན་ཞེ་ན། ང་ཚོ་ཚང་མས་མཁྱེན་གསལ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཕུགས་རྒྱང་རིང་པོའི་གཟིགས་ཕྱོགས་འོག་འཚེ་མེད་ཞི་བའི་ལྟ་གྲུབ་དང་། རྒྱལ་ཁབ་ནང་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་དབར་འདྲ་མཉམ་དགོས་རྒྱུ་ཡིན་སྟབས། འཛམ་གླིང་གཙོ་བོ་གྱུར་བའི་སྤྱི་ཚོགས་ནང་འཆམ་མཐུན་དང་ཞི་བདེ་བསྐྲུན་རྒྱུའི་ལས་དོན་ནང་བོད་མི་ཚང་མས་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད། བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུ་ཟེར་བ་ནི་བུད་མེད་ཀྱི་ཐོབ་ཐང་རྩོད་རྒྱུའི་གནད་དོན་ཁོ་ན་མིན་པར་བུད་མེད་ཚོ་རང་ཉིད་ལ་འཁྲི་པའི་ལས་འགན་རྣམས་ཚགས་ཚུད་ཐོག་སྒྲུབ་ཐུབ་པ་བྱེད་རྒྱུ་དེ་ཡིན། ང་ཚོ་བཙན་བྱོལ་ནང་གི་བོད་པའི་བུད་མེད་ཚོའི་ངོས་ནས་ཀྱང་གནས་ཡུལ་རྒྱལ་ཁབ་ཀྱི་བུད་མེད་ཚོ་དང་མཉམ་རུབ་ཀྱིས། བོད་པའི་སྤྱི་ཚོགས་ཙམ་མིན་པར་སོ་སོའི་གནས་ཡུལ་མངའ་སྡེ་དང་། མཐའ་ན། རྒྱལ་ཁབ་ཀྱི་ཡར་རྒྱས་ལ་མཐུན་འགྱུར་བསྐྲུན་ཐུབ་པ་གནང་དགོས། ངས་འབྲས་ལྗོངས་ཀྱི་ཆོས་རྒྱལ་ནས་བཟུང་ད་བར་གཞུང་འཛིན་པས་ཁུལ་དེར་གནས་སྡོད་བོད་མི་སྐྱབས་བཅོལ་བའི་ཐོག་བཀའ་དྲིན་ཆེ་བཞེས་ཀྱིས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་དང་། རྒྱ་གར་རྒྱལ་ཡོངས་བུད་མེད་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་ཆུང་གི་གཙོ་འཛིན་ཟུར་པ་ལྕམ་སྐུ་པྲ་མི་ལ་ཏ་ཡི་མེ་དེ་ (Hon. Pramilatai Medhe, Former Chief of Rashtriya Sevika Samiti) མཆོག་གིས་ཀྱང་ཟབ་སྦྱོང་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་འདི་བཞིན་འབྲས་ལྗོངས་ཁུལ་དུ་ཚོགས་ཐེངས་དང་པོ་ཆགས་ཡོད། ཟབ་སྦྱོང་འདིའི་ཐོག་བུད་མེད་ ༥༣ མཉམ་ཞུགས་གནང་ཡོད། ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་སྐབས་ཟབ་ཁྲིད་གནང་མཁན་རྒྱ་གར་གྱི་བུད་མེད་ཐོབ་ཐང་རྩོད་ལེན་པ་དང་། སྤྱི་ཚོགས་ཚན་རིག་པ་ལྕམ་སྐུ་ཀམ་ལ་བྷ་སིན་ (Ms. Kamla Bhasin) ལགས་དང་། རྒྱ་གར་རྒྱལ་ཡོངས་བུད་མེད་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་ཆུང་གི་གཙོ་འཛིན་ལྕམ་སྐུ་ཤན་ཏ་ཀུ་མ་རི་ (Shanta Kumari) ལགས། མངའ་སྡེའི་ཁྲིམས་རྩོད་པ་སྒྲོལ་མ་ཊི་བྷོ་ཊི་ཡ་ (Dr. Doma T. Bhutia) ལགས། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་བུ་མོ་ཚེ་རིང་ལགས་བཅས་ཡིན་འདུག