༢༠༡༤ ཟླ་ ༩ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཐུན་མོང་གིས་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་སྐུ་ཞབས་མོ་ཧོན་གུ་རུ་སོ་ཝ་མེ་ (Mohan Guruswamy) མཆོག་གིས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ལ་ ( India v/s China) རྒྱ་དཀར་ནག་གཉིས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་སྲི་ཞུའི་ལས་བྱེད་རྣམས་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་ཞབས་མོ་ཧོན་གུ་རུ་སོ་ཝ་མེ་མཆོག་ངོ་སྤྲོད་གནང་། དེ་རྗེས་སྐུ་ཞབས་མོ་ཧོན་གུ་རུ་སོ་ཝ་མེ་མཆོག་གིས་སྲི་ཞུའི་ལས་བྱེད་རྣམས་ལ་གསུང་བཤད་གནང་དོན། སྤྱིར་བཏང་རྒྱལ་ཁབ་ཕན་ཚུན་དབར་ཚོང་ལས་ཐོག་ཇི་ཙམ་འབྲེལ་བ་བཟང་པོ་ཡོད་རུང་། ཆབ་སྲིད་ཐད་འགལ་ཟླ་འབྱུང་སྲིད་པར་བརྟེན། བོད་པ་གྲངས་ཉུང་མི་རིགས་ཤིག་ཡིན་རུང་བོད་དོན་བདེན་མཐའ་གསལ་ཐབས་སུ་མུ་མཐུད་སྔར་ལྷག་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་མ་འོངས་པར་རྒྱ་དཀར་ནག་གཉིས་ཀྱི་དཔལ་འབྱོར་གནས་སྟངས་ཇི་འདྲ་ཆགས་ཀྱི་ཡོད་མེད་ད་ལྟའི་ཆར་བརྗོད་དཀའ་བའི་གནས་སུ་གྱུར་ཡོད། ཅེས་སོགས་ཀྱི་གསུང་བཤད་ཞིབ་ཕྲ་དང་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་།
སྐུ་ཞབས་མོ་ཧོན་གུ་རུ་སོ་ཝ་མེ་མཆོག་ནི་ཧ་ཝར་ཊ་ (Harvard) གཙུག་ལག་ཁང་ནས་སློབ་སྦྱོང་ཐོན་ཞིང་། (center for policy alternatives society) ཞེས་པའི་བསྟི་གནས་ཁང་གི་ཚོགས་གཙོའི་འགན་འཁུར་ཞུ་མུས་ཡིན་པ་མ་ཟད། རྩོམ་པ་པོ་གྲགས་ཅན་ཞིག་ཀྱང་ཡིན། ལྷག་པར་ཁོང་གིས་ (chasing the dragon; Will India catch up with china?) ཞེས་པའི་ཕྱག་དེབ་གསར་ཤོས་ཤིག་བརྩམས་གནང་ཡོད་འདུག