༢༠༡༤ ཟླ་ ༩ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐོང་མཆན་འབུལ་རྒྱུའི་ཐད་དྲང་བདེན་མིན་པའི་ཐབས་ལམ་ལག་བསྟར་གནང་བར་ཡུལ་དེའི་ཀེབ་ཊ་ཨོན་གྲོང་སྡེའི་སྤྱི་ཁྱབ་པ་ Mayor of Cape Town City སྐུ་ཞབས་པེ་ཊི་ཤི་ཡ་ཌི་ལི་ལི་མཆོག་གིས་ PATRICIA DE LILLE ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༥ ཉིན་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་འཁོད་དོན།
ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་རྒྱུའི་ཐད་དྲང་བདེན་གནང་མེད། ཀེབ་ཊ་ཨོན་གྲོང་ཁྱེར་གྱིས་འདིར་ནན་བརྗོད་ཞུ་རྒྱུར། ཐེངས་འདིར་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུས་མེད་ཀྱང་། ཁུལ་འདིར་ནོ་བེལ་ཞི་བདེའི་ལྷན་ཚོགས་ཐེངས་བཅུ་བཞི་པ་ 14th World Summit of Nobel Peace Laureates གྲ་སྒྲིག་སྔོན་སོང་ལྟར་འཚོགས་རྒྱུ་ཡིན།
ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་སྒྱུར་བསྐྱང་ཆེད་མཐོང་མཆན་ཞུ་རྒྱུའི་གནད་དོན་དང་འབྲེལ་བའི་སྐོར་ལ་འདྲི་རྩད་བྱས་ཀྱང་ད་བར་དགའ་ལྡན་ཕོ་བྲང་ཡིག་ཚང་དང་རང་གཞུང་ཕྱི་སྲིད་ལས་ཁུངས་ Department of International Relations and Cooperation (DIRCO) གཉིས་ཀས་ཡིག་ཐོག་ནས་བཀའ་ལན་གང་ཡང་འབྱོར་མ་བྱུང་། འོན་ཀྱང་ཡུལ་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ཀྱི་གཙོས་རྡ་སར་འབྲེལ་ཡོད་རྣམས་དང་རིམ་བཞིན་བཀའ་བསྡུར་གནང་སྐབས། རང་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དོན་ཁང་ལ་འབྲེལ་བ་གནང་སྟེ། ལྷོ་ཨ་ཕི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་སླད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ནོ་བེལ་ཞི་བདེའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱང་ཆེད་མཐོང་མཆན་ཞུས་པ་ཡིན་ན་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་མཐོང་མཆན་འབུལ་རྒྱུ་མིན་ཚུལ་བརྗོད་འདུག་པ་དེ་ནི་ཧ་ཅང་གསལ་པོ་ཆགས་སོང་།
དེར་བརྟེན་ལྷོ་ཨ་ཕི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་ཁ་སེང་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་རྒྱུའི་ཐད་ང་ཚོས་རྒྱུན་ལྡན་གྱི་ལམ་ལུགས་ཐོག་འགྲོ་བཞིན་ཡོད། ཅེས་གསུངས་པ་འདི་ཆ་ཚང་སྐྱག་རྫུན་རེད། དངོས་ཡོད་གནས་ཚུལ་ནི། རང་གཞུང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དོན་ཁང་ལ་ཞལ་པར་བརྒྱུད་གལ་ཏེ་མཐོང་མཆན་ཞུས་ཚེ་མཐོང་མཆན་འབུལ་ལམ་ཞུ་རྒྱུ་མིན་པའི་རྣམ་འགྱུར་གསལ་པོ་བསྟན་འདུག དེར་བརྟེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་ལ་མཛད་དཀའ་མི་ཡོང་ཆེད་མཐོང་མཆན་ཞུ་རྒྱུའི་འཆར་གཞི་ཡོད་པ་དེ་ཕྱིར་འཐེན་མཛད་དགོས་བྱུང་འདུག
རང་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་གནང་ཕྱོགས་འདི་ནི་ཧ་ཅང་སྐྱུག་བྲོ་དགོས་པ་ཞིག་ཡིན་པ་མ་ཟད། ཐེངས་འདིའི་ནོ་བེལ་ཞི་བདེའི་ལྷན་ཚོགས་ཀྱི་བརྗོད་གཞི། ལྷོ་ཨ་ཕི་རི་ཀའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བ་དང་སྐུ་ཞབས་ནེལ་སན་མན་ཌེ་ལ་དམ་པ་མཆོག་གི་བྱས་རྗེས་སྲུང་བརྩི་ཞུས་པ། ཞེས་པ་འདི་དང་ཡོངས་སུ་རྒྱབ་འགལ་འགྲོ་ངེས་རེད།
སྐུ་ཞབས་དམ་པ་ནེལ་སན་མན་ཌེ་ལ་མཆོག་གིས་གཙོས་ཡུལ་འདིའི་རྒྱལ་གཅེས་པ་ཧ་ཅང་མང་པོས་བློས་གཏོང་ཆེན་པོས་འཐབ་རྩོད་གནང་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་ད་ཆ་ཚོང་གི་ཁེ་ཕན་དང་བརྗེ་ལེན་བྱེད་བཞིན་པའི་དུས་སྐབས་འདི་ནི་ལྷོ་ཨ་ཕི་རི་ཀའི་ལོ་རྒྱུས་ཐོག་མུན་ནག་གི་ཉིན་མོ་ཞིག་ཆགས་རྒྱུ་རེད།
མན་ཌེ་ལ་ The Mandela དང་ལུ་ཐུ་ལི། Luthuli ཌི་ཀ་ལག De Klerk ཊུ་ཊུ་ཐེབས་རྩ་ཁང་Tutu Foundations བཅས་ནས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་སྐུ་ཞབས་ཛུ་མ་ Zuma མཆོག་ལ་སྙན་ཞུ་ཕུལ་བ་བརྒྱུད། མཐོང་མཆན་གྱི་གནད་དོན་ཐོག་སྲིད་འཛིན་མཆོག་ནས་བར་བཞུགས་གནང་སྟེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་ཐབས་གནང་སྟེ་ནོ་བེལ་ཞི་བདེའི་ལྷན་ཚོགས་སུ་གདན་འདྲེན་ཞུ་ཐུབ་པ་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་མ་ཟད། དེ་སྔ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ནང་ནས་ཁག་གཅིག་དེ་སྔ་རྒྱལ་ཁབ་ཀྱི་སྲིད་འཛིན་ཡང་གནང་མྱོང་མཁན་ཁོང་རྣམ་ནས་སྲིད་འཛིན་ཛུ་མ་མཆོག་ལ་སྙན་ཞུ་ཕུལ་བ་བརྒྱུད་འབོད་སྐུལ་ཞུ་རྒྱུ་དང་། འབོད་སྐུལ་གྱི་སྙན་ཞུ་དེར་མཚན་རྟགས་བཀོད་ཟིན་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ནི་པོ་ལེན་ཌིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེག་ཝ་ལེ་ས་ Lech Walesa མཆོག་དང་མེ་རེ་ཌི་ཀོ་རི་གན་མ་གུ་རེ་ Mairead Corrigan Maguire མཆོག མོ་ཧཱ་མ་དི་ཡུ་ནུ་སུ་ Muhammad Yunus མཆོག ཇུ་ཌི་ཝིལ་ཡེམ་སི་ Jody Williams མཆོག བྷེ་ཊི་ཝིལ་ཡེམ་སི་ Betty Williams མཆོག ཏ་ཝ་ཀུལ་ཀར་མན་ Tawakkul Karman མཆོག ལེ་མ་ཇི་བྷོ་ཝེ་ Leimah Gbowee མཆོག ཡི་ཤུའི་ཆོས་དཔོན་ཀར་ལོ་སི་ཕི་ལི་པི་ཛི་མེ་ནེ་སི་བྷེ་ལོ་ Bishop Carlos Filipe Ximenes Belo མཆོག བཅས་ཡིན་འདུག
གལ་ཏེ་ཐེངས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་ལ་མཐོང་མཆན་འབུལ་ལམ་མ་ཞུས་པ་ཡིན་ན། ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གནང་ཕྱོགས་དེར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པས་ལྷན་ཚོགས་དང་སྟབས་བསྟུན་ངོ་རྒོལ་ཤུགས་ཆེ་གནང་སྲིད། ཅེས་འཁོད་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣།༡༥ བར་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊ་ཨོན་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱི་ཞི་བདེའི་ལྷན་ཚོགས་འཚོགས་རྒྱུ་ཡིན་འདུག