ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་དམངས་གཉིས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་ལོ་ངོ་ ༥༤ འཁོར་བའི་དུས་ཆེན་རྒྱ་གར་བྱང་ཤར་ཁུལ་དུ་གནས་སྡོད་ཁ་འཐོར་བོད་མི་ཚོས་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་མདོ་སྨད་ཚོགས་པ་ཟུང་འབྲེལ་གྱིས་གོ་སྒྲིག་འོག་སྒང་ཏོག་ཆོལ་གསུམ་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་འབྲས་གཞུང་ཤེས་རིག་བཀའ་ཟུར་མཆོག་གིས་གཙོས་དམིགས་བསལ་སྐུ་མགྲོན་འབྲས་གཞུང་ནགས་ཚལ་བློན་ཆེན་ཟུར་པ་རྣམས་གཉིས་དབུ་བཞུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་ངག་བཅད་སྐར་མ་གཅིག་ཞུས་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་བོད་ལྗོངས་མང་གཙོའི་དུས་ཆེན་ཐེངས་ ༥༤ པའི་ཐོག་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་མང་གཙོ་ཞེས་པ་ནི་སྤྱི་ཚོགས་ནང་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་བསྐོ་གཞག་བྱེད་ཀྱི་ཡོད་པ་ཞིག་གོ་དགོས་ཀྱི་ཡོད། ལྷག་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་ཡང་དག་པའི་མང་གཙོའི་ལམ་བཟང་འདི་བཞིན་མི་དམངས་ལ་གསོལ་རས་སྩལ་བའི་རླབས་ཆེན་གྱི་མཛད་རྗེས་འདི་ལྟ་བུ་ནི། སྐྱེ་བོ་ཕལ་པ་ཞིག་གིས་ནམ་ཡང་བྱེད་ཐུབ་ཐབས་མེད། གང་ལ་ཞེ་ན། མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་དབང་ཆ་གཞན་ལ་སྤྲོད་འདོད་བྱེད་མཁན་ཧ་ལམ་དཀོན་པོ་ཆགས་ཡོད།
དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པཱ་ཝན་ཀུ་མར་ཅམ་ལིང་མཆོག་གིས་འབྲས་ལྗོངས་ནང་གནས་སྡོད་བོད་མི་རྣམས་འབྲས་ལྗོངས་ཀྱི་མི་དམངས་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། མངའ་སྡེའི་གཞུང་ངོས་ནས་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ལས་དོན་ཆེ་ཆུང་ཚང་མར་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། བོད་མིའི་སྤྱི་ཚོགས་ལ་ཡིད་ཆེས་ཆེན་པོ་གནང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་སྒང་ཏོག་ས་གནས་འགོ་འཛིན་གྱིས་མང་གཙོའི་དུས་ཆེན་ཐེངས་ ༥༤ པའི་ཐོག་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་ཞུས་ཡོད། དེ་རྗེས་མང་གཙོའི་དུས་ཆེན་ཁྱད་པར་ཅན་ཉིན་རྟེན་འབྲེལ་མཚོན་སླད། གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་སྟེ་མཛད་སྒོ་གྲོལ་འདུག