༢༠༡༤ ཟླ་ ༩ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཨ་རི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༢༩ ཉིན་འདི་གར་བཏང་གནས་ནང་འཁོད་དོན། མི་ནི་སོ་ཊར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་(TAFM)དང་། ཨ་རི་བོད་མིའི་སློབ་ཕྲུག་ཚོགས་པས་(TASA)གོ་སྒྲིག་དང་། ཨ་རིའི་སྐུ་ཚབ་དོན་ཁང་གི་གཞོགས་འདེགས་འོག་ནིའུ་ཡོཀ་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤཱ་མིང་དང་། བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་པ་དང་རྩོམ་པ་པོ་ལི་ཅང་ལིན་གཉིས་མི་ནི་སོ་ཊར་གདན་ཞུས་ཀྱིས་རྒྱ་རིགས་སློབ་ཕྲུག་དང་། ས་གནས་བོད་མི་མང་ཚོགས་མཉམ་དུ་བོད་དོན་སྐོར་བགྲོ་གླེང་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་བ་ ༩ ཚེས་ ༢༧ ཉིན་ཨ་རི་བོད་མིའི་སློབ་ཕྲུག་ཚོགས་པས་གྲ་སྒྲིག་བྱས་པ་བཞིན་དགེ་རྒན་ཆེན་མོ་ཤཱ་མིང་དང་། རྩོམ་པ་པོ་ལི་ཅང་ལིན་གཉིས་ཀྱིས་ཨ་རིའི་མི་ནི་སོ་ཊར་གཙུག་ལག་སློབ་ཆེན་གྱི་རྒྱ་རིགས་སློབ་མ་ཁག་གཅིག་ལ་བོད་ཀྱི་གནད་དོན་ངོ་སྤྲོད་གནང་སྐབས་གཙོ་བོ། བོད་ཀྱི་ཁོར་ཡུག་གནས་སྟངས་ལ་ཉེན་ཁ་འཕྲད་བཞིན་ཡོད་པ་དེ་ནི་བོད་མི་གཅིག་པུའི་གནད་དོན་མ་ཡིན་པར། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ལྷག་པར་རྒྱ་ནག་གི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་ཡིན་པའི་སྐོར་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་འཁྱོངས་གནང་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན་ན་ཡང་། རྒྱ་ནག་ནང་གསར་འགྱུར་ལ་དམ་བསྒྲགས་ཆེ་བའི་དབང་གིས་མང་ཚོགས་ནས་སྲིད་བྱུས་དེ་ཤེས་རྟོགས་ཡོང་གི་མེད་ཅིང་། གལ་སྲིད་གནས་ཚུལ་ཤེས་རྟོགས་བྱེད་པའི་བརྒྱུད་ལམ་ཡོད་ཚེ། རྒྱ་ནག་མི་མང་གིས་སྲིད་བྱུས་དེར་རྒྱབ་སྐྱོར་མེད་པ་ཡོང་གི་མ་རེད་ཅེས་གསུངས་ཡོད།
དེ་རྗེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གདན་འདྲེན་ཞུས་པ་ལྟར། ཤཱ་མིང་དང་། ལི་ཅང་ལིན་ནས་ས་གནས་བོད་རིགས་མང་ཚོགས་ཉིས་བརྒྱ་ལྷག་ཙམ་ལ་གསུང་བཤད་གནང་སྐབས། དེང་སང་སྔོན་མ་དང་མི་འདྲ་བར་ཕྱི་ནང་གཉིས་ཀྱི་རྒྱ་རིགས་དང་། ལྷག་པར་ཤེས་ཡོན་ཅན་གྱི་ཁྲོད་དུ་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པའི་སྐོར་དང་། རྒྱ་ནག་ནང་བཟང་སྤྱོད་ཉམས་ཆག་འགྲོ་བཞིན་པའི་སྣང་ཚུལ་དེ་ལ་འགྱུར་བ་གཏོང་དགོས་ན། ཕྱག་རོགས་གནང་ཐུབ་མཁན་མི་གཅིག་ཡོད་པ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་ཉག་གཅིག་ཡིན་པ་རྒྱ་རིགས་མང་པོས་གཅིག་གྱུར་ངོས་འཛིན་ཞུ་གི་ཡོད་པའི་སྐོར། ཆབ་སྲིད་ཀྱི་འདོད་ཚུལ་གང་འདྲ་བཟུང་མིན་སོ་སོའི་རང་དབང་ཡིན་ཞིང་། བོད་མི་ཚོས་ནང་ཁུལ་བགྲོ་གླེང་སྐབས་སྲིད་བྱུས་གང་ཞིག་ལེགས་མིན་རྩོད་པ་བརྒྱབ་ཆོག་ཀྱང་། ཕྱི་ཕྱོགས་ལ་ཐོན་པའི་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཆིག་སྒྲིལ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་གལ་ཆེན་པོ་ཡིན་ཀྱང་། དེ་ལས་གལ་ཆེ་བ་ནི་རྒྱ་རིགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་རྒྱུ་དེ་ཡིན་སྟབས། བོད་རྒྱ་མང་ཚོགས་དབར་གྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། བོད་ནང་ཡོད་པའི་མི་མང་རྣམས་དཀའ་ངལ་ལས་འགྲོལ་བར་བྱེད་པའི་ཐབས་ལམ་ཡག་ཤོས་ནི་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡིན་པར་རྒྱ་རིགས་མང་ཆེ་བས་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས།
ཚོགས་འདུར་ཕེབས་མཁན་བོད་མི་ཚོས་ཁོང་གཉིས་ཀྱི་གསུང་བཤད་ལ་དོ་སྣང་ཆེན་པོས་ཉན་པ་དང་དྲི་བ་སྣ་ཚོགས་བཏོན་པ་མ་ཟད། བསམ་ཚུལ་གསུང་མཁན་ཡང་མང་པོ་བྱུང་ཞིང་། ཁོང་གཉིས་ཀྱི་གསུང་བཤད་དང་། དྲི་བ་དྲིས་ལན་རྣམས་རྒྱ་སྐད་ཐོག་གནང་བ་དང་། རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་བོད་སྒྱུར་གནང་ཡོད།
ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ངག་དབང་འཆི་མེད་ལགས་ཀྱིས་རྒྱ་རིགས་འབྲེམ་མཐུད་པར་འགྲེལ་བརྗོད་གནང་བར་གཞིགས་ན། འདི་ག་ས་གནས་སུ་རྒྱ་རིགས་ཤེས་ཡོན་ཅན་གྱིས་རྒྱ་རིགས་སློབ་ཕྲུག་དང་། བོད་རིགས་མང་ཚོགས་དང་མཉམ་དུ་བོད་དོན་སྐོར་ཕན་ཚུན་བགྲོ་གླེང་ཚོགས་འདུ་གྲ་སྒྲིག་ཞུས་པ་ཐེངས་དང་པོ་ཡིན་པ་དང་། ས་གནས་མང་ཚོགས་ཚོས་རྒྱ་རིགས་ཤེས་ཡོན་ཅན་གཉིས་ཀྱི་གསུང་བཤད་ལ་ཧ་ཅང་གི་དོ་སྣང་དང་། གསུང་བཤད་འདི་བརྒྱུད་རྒྱ་རིགས་ཚོས་བོད་དོན་ལ་ལྟ་སྟངས་ཇི་ཡོད་ཤེས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུངས།
དྲི་བ་དྲིས་ལན་གྲུབ་རྗེས་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་ས་གནས་མང་ཚོགས་རྣམས་ལ་དྲན་དགོས་པ་གཅིག་དང་། བརྗེད་ཐབས་མེད་པ་གཅིག་(༸གོང་ས་མཆོག་གི་བཀའ་དྲིན་དྲན་དགོས་པ་དང་། གཞིས་ལུས་བོད་མིས་དཀའ་སྡུག་མྱོང་བཞིན་ཡོད་པ་མ་བརྗེད་པ་བྱེད་དགོས་པ།)གི་རྩ་དོན་བཟུང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་མི་སེམས་འགུལ་བའི་འབོད་སྐུལ་གནང་གྲུབ་པའི་རྗེས་ས་གནས་ཚོགས་གཞོན་ངག་དབང་འཆི་མེད་ལགས་ཀྱིས་རྒྱ་རིགས་ཤེས་ཡོན་ཅན་གཉིས་དང་། ས་གནས་མང་ཚོགས་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ཚོགས་འདུ་མཇུག་སྒྲིལ་གནང་ཡོད།།