ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༩ རེས་གཟའ་མིག་དམར།
༄༅། །འཇིགས་མེད་རྒྱ་མཚོ་ལགས་སུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་འཛུགས་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན། དེ་སྔ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པའི་ལས་འགན་བཞེས་མྱོང་མཁན་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་སུ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་འཛིན་བཟུང་གིས། ད་བར་གསང་བའི་ངང་བཀག་ཉར་བྱས་རྗེས། ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲའོ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་གིས་ཁོང་ལ་བཙུགས་པའི་གྱོད་གཞིའི་ཐོག་ཁྲིམས་བཤེར་ཐེངས་གཉིས་པ་བྱེད་སྐབས། སྐུ་ཞབས་འཇིགས་མེད་རྒྱ་མཚོ་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བཤམས་ཡོད་པའི་ཉེས་འཛུགས་བྱས་ཏེ། མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་བའི་ཁྲིམས་ཆད་གསལ་བསྒྲགས་བྱས་ཏེ། ཁོང་དེང་སྐབས་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
དགེ་འདུན་པ་འཇིགས་མེད་རྒྱ་མཚོ་དང་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ཞུ་བ་ཁོང་ནི་བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམ་ར་ཝ་ཏི་ལ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གིས་སྩལ་བའི་དུས་འཁོར་དབང་ཆེན་ཞུས་རྗེས། ཕྱིར་ཕ་ཡུལ་དུ་ལོག་མ་ཐག་བསང་ཆུ་རྫོང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་དང་དོགས་གཞི་འོག་ད་བར་ཐེངས་བཞི་ཙམ་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་དང༌། མཐར་ཕྱི་ལོ་ ༢༠༡༡ ཟླ་ ༨ པའི་ནང་བཀག་ཉར་བྱས་རྗེས་ཕྱི་ལོ་ ༢༠༡༢ ལོར་དངོས་སུ་འཛིན་བཟུང་བྱས་སྐོར་ནང་མིར་བརྡ་ཐོ་བཏང་ཡོད། རྗེས་སུ་བོད་ནང་གི་ཞི་རྒོལ་སྐབས་ཁོང་གིས་བོད་ཕྱི་ལ་ཡོད་པའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་གསལ་བཤད་བྱས་ཡོད་འདུག